འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་21ཉིན།

༄༅༎ཧུའུ་ཁྲུན་ཧྭ་ཚོགས་འདུར་ཕེབས་ནས་དབུལ་ཞྭ་ཕུད་ཐུབ་མེད་པའི་རྫོང་དབུལ་པོ་52ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ལྟ་སྐུལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་20ཉིན། 12:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་དབུལ་སྒྲོལ་འགག་སྒྲོལ་ལྟ་སྐུལ་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས”ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཐོག་དམིགས་ཚད་ལ་དམ་པོར་དམིགས་ནས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱེད་པ་དང་ཆབས་ཅིག རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག་གི་ལས་དོན་ཁག་ཡག་པོ་བསྒྲུབས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་སྤུས་ཚད་མཐོ་པོའི་ངང་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཧུའུ་ཁྲུན་ཧྭ་ཡིས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལས་རྣམ་པར་རྒྱལ་བར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འདི་ལོར་ངེས་པར་དུ་ལེགས་སྒྲུབ་བྱེད་དགོས་ཞེས་ཐོག་མཐའ་བར་གསུམ་དུ་བླང་བྱ་འདོན་པའི་ནན་བཤད་བྱེད་པའི་ལྡོག་མེད་ཀྱི་ལས་འགན་ཞིག་ཡིན་པས། དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱེད་པའི་ལས་དོན་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་འགག་སྒྲོལ་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་དགོས། གཏན་ལ་འཁེལ་བའི་བཀོད་སྒྲིག་ལྟར་དབུལ་སྒྲོལ་གྱི་མཐའ་མའི་མཁྲེགས་སར་གཏུག་ཕོད་པ་བྱས་ཏེ“འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་བརྟན་དུ་དང་མཐོ་རུ་ཏན་ཏིག་བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་འབོར་དབུལ་པོའི་ཐ་སྐྱོང་འགན་ལེན་དོན་འཁྱོལ་བྱེད་དགོས། རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་ཧུར་ཐག་དང་གཙོ་གནད་ལས་འགན་དོན་འཁྱོལ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ངལ་ནུས་དབུལ་པོ་ལས་ཞུགས་ཐུབ་རོགས་བྱེད་པ་དང་། ཐོན་ལས་དབུལ་སྐྱོར་གྱི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་བ། བྱེད་ཐབས་མང་པོ་མཉམ་དུ་སྤྱད་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། དབུལ་པོ་རང་ལོག་དང་དབུལ་པོ་འགྱུར་བར་སྔོན་འགོག་ནུས་ལྡན་བྱེད་པར་ལྟ་ཞིབ་ཚད་ལེན་དང་རོགས་རམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ས་གནས་ཁག་གིས་དོན་དངོས་གཞིར་བཟུང་ལྟ་ཞིབ་ཚད་ལེན་བྱས་ནས་དུས་ཐོག་ཏུ་དབུལ་སྐྱོར་བྱེད་ཐབས་དོན་འཁྱོལ་བྱེད་དགོས་ཞེས་གསུངས་པ་རེད།
     ཧུའུ་ཁྲུན་ཧྭ་ཡིས། དབུལ་སྒྲོལ་འགག་སྒྲོལ་མཐའ་མའི་དུས་མཚམས་སུ་སླེབས་དུས་ངེས་ཤུགས་དེ་བས་རྒྱུན་འཁྱོངས་བྱེད་དགོས། དབུལ་ཕོངས་མེད་པ་བཟོ་དྲགས་པ་དང་། མཐའ་མའི་གདོང་མཆོང་བྱེད་སྐབས་ཐལ་དྲགས་པ། ལྷོད་གཡེང་གཏོང་བ། སྒྱིད་ལུག་དང་ལས་ཀར་སུན་སྣང་སྐྱེ་བ་བཅས་ཀྱི་སྣང་ཚུལ་བཀག་འགོག་ཏན་ཏིག་དང་དུས་ཐོག་ཏུ་ཡོ་བསྲང་བྱེད་པ་དང་ཆད་བཤེར་ཆད་གསབ་དང་འཕྲལ་དུ་བྱ་སྤྱོད་སྤེལ་བ་དང་འཕྲལ་དུ་ཡོ་བསྲང་བྱས་ནས་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
     མིང་སྦྱར་ལྟ་སྐུལ་གྱི་ལས་འགན་ཡོད་པའི་ཞིང་ཆེན(རང་སྐྱོང་ལྗོངས)7དང་། དབུལ་སྒྲོལ་ལས་འགན་ཅུང་ལྕི་བའི་ཞིང་ཆེན་4 དབུལ་ཞྭ་ཕུད་མེད་པའི་རྫོང་དབུལ་པོ་52བཅས་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།