འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་16ཉིན།

༄༅༎དཀར་མཛེས་ཁུལ་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་
གནད་དོན་གྱི་དཔེ་མཚོན་གྱོད་གཞི་6བརྡ་ཁྱབ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་16ཉིན། 12:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། དཀར་མཛེས་སྒྲིག་ཨུད་ཀྱི་གཞུང་ཕྱོགས་དཔོད་ཆུང་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དཀར་མཛེས་ཁུལ་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་དཔེ་མཚོན་གྱོད་གཞི་6བརྡ་ཁྱབ་བཏང་བ་སྟེ།
     1. ཉག་རོང་རྫོང་འབའ་ཤོས་ཤང་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཀྱི་དེ་སྔའི་ལས་དོན་མི་སྣ་ཝང་པོ་ཡིས་སྒྲིག་འགལ་ངང་མང་ཚོགས་ཀྱི“གཱ་གཅིག་ཀུན་ཁྱབ”ཀྱི་སྤྱི་ཚོགས་འགན་བཅོལ་གཱ་བཀག་ཉར་བྱས་པ་དང་དམངས་ཕན་ཞིང་ཕན་མ་དངུལ་བཀག་ཉར་དང་གཞན་སྤྱོད་བྱས་པ་སོགས་ཀྱི་གནད་དོན། 2019ལོའི་ཟླ་3པ་ནས་ཟླ་11པའི་བར། ཝང་པོ་ཉག་རོང་རྫོང་འབའ་ཤོས་ཤང་གི“གཱ་གཅིག་ཀུན་ཁྱབ”ཀྱི་སྤྱི་ཚོགས་འགན་བཅོལ་གཱ་གཉེར་མཁན་ཡིན་པའི་ངོས་ནས་དུས་ཐོག་ཏུ་སྤྱི་ཚོགས་འགན་བཅོལ་གཱ་མང་ཚོགས་ལ་སྤྲད་མེད་ལ། 2019ལོའི་ཟླ་12པའི་ཟླ་མཇུག་བར་སྔར་བཞིན་མང་ཚོགས་ཀྱི་སྤྱི་ཚོགས་འགན་བཅོལ་གཱ་262ཉར་ཡོད། ཝང་པོ་ཡིས་ད་དུང་མི་གཞན་དང་མཉམ་དུ་མང་ཚོགས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མ་དངུལ་དང་། རྒན་གསོའི་འགན་བཅོལ་མ་དངུལ། སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མ་དངུལ་སོགས་སྒོར་ཁྲི་73.6བཀག་ཉར་དང་གཞན་སྤྱོད་བྱས་པས། 2020ལོའི་ཟླ་3པར་ཝང་པོར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་པའི་ཆད་པ་བཅད་པ་དང་ཉེས་གསོག་གི་དོགས་གཞི་ཡོད་པའི་གནད་དོན་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།
     2. བྲག་འགོ་རྫོང་སྲིད་གཞུང་གཞུང་ལས་ཁང་གི་དེ་སྔའི་ལས་དོན་མི་སྣ་ལི་ལིན་གྱིས་རྩྭ་གསབ་མ་དངུལ་ལྐོག་ཟ་བྱས་པའི་གནད་དོན། 2013ལོའི་ཟླ་8པ་ནས་2018ལོའི་ཟླ་1པོའི་བར། ལི་ལིན་གྱིས་བྲག་འགོ་རྫོང་མཁར་གཉའ་ཤང་གི་རྩྭ་ཐང་དོ་དམ་པའི་འགན་འཁུར་རིང་ལས་གནས་ཀྱི་སྟབས་བདེ་སྤྱད་དེ། སྔ་རྗེས་སུ་ཞིང་འབྲོག་པའི་ཁ་གསབ་མ་དངུལ་སྒོར་ཁྲི་6.81་རང་དགར་ལེན་པས། 2019ལོའི་ཟླ་12པར་ལི་ལིན་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་པའི་ཆད་པ་བཅད་པ་དང་ཉེས་གསོག་གི་དོགས་གཞི་ཡོད་པའི་གནད་དོན་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།
     3. འབའ་ཐང་རྫོང་ཆུ་བེད་ཅུས་ཀྱི་ཆུ་བེད་ཀུའུ་ཡི་ཀུའུ་ཀྲང་ཀའོ་ཀྲི་ཡུན་གྱིས་ལས་ཀའི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན། 2016ལོའི་ཟླ་9པ་ནས་2018ལོའི་ཟླ་11པའི་བར། ཀའོ་ཀྲི་ཡུན་གྱིས་བདེ་འཇགས་འཐུང་ཆུ་སྲ་བརྟན་མཐོར་གཏོང་རྣམ་གྲངས་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱེད་པའི་ལས་དོན་ནང་ཞུགས་ཏེ་གྲོང་ཚོ་དབུལ་པོའི་འཐུང་ཆུའི་མ་དཔེ་ཞིབ་དཔྱད་ཚད་ལེན་བྱས་པ་དེ་བདེ་འཇགས་འཐུང་ཆུའི་རྒྱལ་ཁབ་ཀྱི་ཚད་གཞི་དང་མི་མཐུན་པའི་གནས་ཚུལ་དག་ཐེར་བྱ་རྒྱུར་སྐུལ་འདེད་བཏང་མེད་པར། རང་དགར་ཆུའི་སྤུས་ཚད་ལོན་པར་ངོས་འཛིན་བྱས་པས། 2019ལོའི་ཟླ་12པར་ཀའོ་ཀྲི་ཡུན་ལ་སྲིད་དོན་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།
     4. དཀར་མཛེས་རྫོང་དཀར་མཛེས་གྲོང་རྡལ་རོང་ཚ་གྲོང་ཚོ་དྲུག་པའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་དཔལ་ལྡན་གྱིས་མ་མཐའི་འཚོ་བའི་འགན་ལེན་དངུལ་ཆ་སྙོམས་བགོ་བཤའ་རྒྱག་པའི་གནད་དོན། 2018ལོའི་ཟླ་དང་པོ་དང་བདུན་པར། བསོད་ནམས་དཔལ་ལྡན་གྱིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མ་མཐའི་འཚོ་བའི་འགན་ལེན་ལག་བསྟར་བྱ་ཐབས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་མ་མཐའི་འཚོ་བའི་འགན་ལེན་དངུལ་མ་སྤྲད་པར་རོང་ཚ་གྲོང་ཚོ་དྲུག་པའི་2017ལོ་དང་2018ལོའི་མ་མཐའི་འཚོ་བའི་འགན་ལེན་དངུལ་ཁྱོན་སྒོར་ཁྲི་9.26སྒྲིག་འགལ་ངང་ཆ་སྙོམས་བགོ་བཤའ་བརྒྱབ་པས། 2020ལོའི་ཟླ་4པར་བསོད་ནམས་དཔལ་ལྡན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།
     5. འདབ་པ་རྫོང་འབའ་དགེ་ཐང་གྲོང་ཚོའི་རྩིས་གཉེར་བློ་བཟང་སྟོབས་ལྡན་གྱིས་ཐོན་ལས་རོགས་སྐྱོར་ཐེབས་རྩ་རང་དགར་ལེན་པའི་གནད་དོན། 2018ལོའི་ཟླ་4པར། བློ་བཟང་སྟོབས་ལྡན་གྱིས་ཐོན་ལས་རོགས་སྐྱོར་མ་དངུལ་ནས་རང་དགར་སྒོར་ཁྲི་5བླངས་ཏེ་མཉམ་ལས་ཁང་གི་རྒྱན་སྤྲོས་མ་དངུལ་དུ་སྤྱད་པ་དང་དེ་རྗེས་རྫུན་བཟོ་བྱས་པའི་ལས་མིའི་མིང་ཐོ་བཀོད་ནས་རྩིས་འབུལ་ཞུས་པས། 2020ལོའི་ཟླ་4པར་བློ་བཟང་སྟོབས་ལྡན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།
     6. ཕྱག་ཕྲེང་རྫོང་དཔེ་བཞག་ཤང་ལ་ཁ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་གིས་ལས་ཀའི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན། 2015ལོ་ནས་2017ལོ་བར་ཚེ་རིང་གིས་སྔ་རྗེས་སུ་སྒྲིག་འགལ་ངང་མི་གཞན(དུད་ཚང་གཅིག)གྱིས་བསྟུད་མར་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་ཁ་གསབ་དངུལ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ཁ་གསབ་དངུལ་རེ་ཞུ་བྱས་པ་དང་བླངས་པར་རོགས་རམ་བྱས་པས། 2020ལོའི་ཟླ་5པར་ཚེ་རིང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།