འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་13ཉིན།

༄༅།།ཡུན་ནན་གྱིས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ཇུས་
གཞི་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་13ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ▲ 2020ལོའི་ལོ་མཇུག་ཏུ་སླེབས་སྐབས་ཡུན་ནན་གྱི“དྲ་ཐོག་ཚོང་དོན་གྲོང་གསེབ་ལ་ཁྱབ་གདལ་བཏང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང”100ཡན་ཟིན་རྒྱུ་དང་། དྲ་ཐོག་ཚོང་དུད་ཀྱི་གཞི་ཁྱོན་ཁྲི་100ཡན་ཟིན་རྒྱུ། ཞིང་ཆེན་དེ་ཡོངས་ཀྱི་ཞིང་ལས་ཐོན་རྫས་དྲ་ཐོག་ནས་ཉོ་ཚོང་བྱེད་ཚད་ཀྱིས་ཞིང་ལས་ཐོན་རྫས་ཀྱི་ཐོན་རྫས་རིན་ཐང་གི་20%ཡན་བཟུང་རྒྱུ།
   འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་6ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་ཞིང་ཆེན་སྲིད་གཞུང་གི་གཞུང་ཕྱོགས་དྲ་ཚིགས་ཐོག《ཡུན་ནན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གིས་ཞིང་ལས་ཐོན་རྫས་དྲ་ཐོག་ཏུ་འདོན་རྒྱུར་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི(2020ལོ་ནས2022ལོ་བར)》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ནས་2022ལོའི་ལོ་མཇུག་ཏུ་ཞིང་ཆེན་དེ་ཡོངས་ཀྱི་ཞིང་ལས་ཐོན་རྫས་དྲ་ཐོག་ནས་ཉོ་ཚོང་བྱེད་ཚད་ཀྱིས་ཞིང་ལས་ཐོན་རྫས་ཀྱི་ཐོན་རྫས་རིན་ཐང་གི་50%ཡན་བཟུང་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
   གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱིས་དངོས་གཞིའི་ཚོང་ཁང་དང་དྲ་ཐོག་ཚོང་དོན་གཉིས་ཟུང་འབྲེལ་ཡག་པོ་བྱས་པས་དེ་ནི་ཞིང་ལས་འཕེལ་རྒྱས་གཏོང་སྟངས་སྒྱུར་བའི་བྱེད་ཐབས་གལ་ཆེན་ཞིག་རེད། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་མགྱོགས་སུ་གཏོང་བ་དེས་འཛད་སྤྱོད་ལ་སྐུལ་འདེད་དང་ནང་མཁོ་རྒྱ་ཆེར་གཏོང་རྒྱུར་ཕན་པ་ཡོད། 《ཇུས་གཞིའི》བླང་བྱ་གཞིར་བཟུང་། 2020ལོའི་ལོ་མཇུག་ཏུ་སླེབས་སྐབས་ཡུན་ནན་གྱི“དྲ་ཐོག་ཚོང་དོན་གྲོང་གསེབ་ལ་ཁྱབ་གདལ་བཏང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང”100ཡན་ཟིན་རྒྱུ་དང་། དྲ་ཐོག་ཚོང་དུད་ཀྱི་གཞི་ཁྱོན་ཁྲི་100ཡན་ཟིན་རྒྱུ། ཞིང་ཆེན་དེ་ཡོངས་ཀྱི་ཞིང་ལས་ཐོན་རྫས་དྲ་ཐོག་ནས་ཉོ་ཚོང་བྱེད་ཚད་ཀྱིས་ཞིང་ལས་ཐོན་རྫས་ཀྱི་ཐོན་རྫས་རིན་ཐང་གི་20%ཡན་བཟུང་རྒྱུ་བཅས་དང་། 2021ལོའི་ལོ་མཇུག་ཏུ་སླེབས་སྐབས་དྲ་ཐོག་ཚོང་དུད་ཀྱི་གཞི་ཁྱོན་ཁྲི་200ཡན་ཟིན་རྒྱུ་དང་ཞིང་ཆེན་དེ་ཡོངས་ཀྱི་ཞིང་ལས་ཐོན་རྫས་དྲ་ཐོག་ནས་ཉོ་ཚོང་བྱེད་ཚད་ཀྱིས་ཞིང་ལས་ཐོན་རྫས་ཀྱི་ཐོན་རྫས་རིན་ཐང་གི་30%ཡན་བཟུང་རྒྱུ། 2022ལོའི་ལོ་མཇུག་ཏུ་སླེབས་སྐབས་དྲ་ཐོག་ཚོང་དུད་ཀྱི་གཞི་ཁྱོན་ཁྲི་300ཡན་ཟིན་རྒྱུ་དང་ཞིང་ཆེན་དེ་ཡོངས་ཀྱི་ཞིང་ལས་ཐོན་རྫས་དྲ་ཐོག་ནས་ཉོ་ཚོང་བྱེད་ཚད་ཀྱིས་ཞིང་ལས་ཐོན་རྫས་ཀྱི་ཐོན་རྫས་རིན་ཐང་གི་50%ཡན་བཟུང་རྒྱུ་བཅས་རེད།
   《ཇུས་གཞིའི》ནང་། ཡུན་ནན་གྱི་ས་གནས་ཁག་གིས“ལག་ཐོགས་ཁ་པར་ཐོག་ཡུན་ནན་གྱི་ཐོན་རྫས་ཀུན་ཏུ་འཛོམས”ཞེས་པའི་གཉེར་སྐྱོང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས་པ་དང་། ཞིང་ལས་ཐོན་རྫས་ཀྱི་ཚད་ལྡན་ཅན་གྱི་ཚད་གཞི་རིགས་དབྱེ་དང་རིམ་དབྱེའི་ཁྱད་པར་ཅན་གྱི་ཐོན་རྫས་ཆེད་ཁུལ་བཟོ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྣ་ཁ་འཛོམས་པ་དང་ཁྱད་པར་ཅན་གྱི་དྲ་ཐོག་ཕྱིར་ཚོང་རྣམ་པ་ཆགས་པར་བྱས་ནས་དེའི་ནང་ཞུགས་མཁན་ཚོང་པ་ཡོངས་ལ་དྲ་ཐོག་ནས་ཕྱིར་ཚོང་བྱེད་པའི“གཅིག་འཐུས་རྣམ་པའི”ཞབས་འདེགས་ཞུ་དགོས། དེ་དང་ཆབས་ཅིག་ཁྱིམ་ཚང་ཞིང་ར་དང་། ཞིང་པའི་མཉམ་ལས་ཁང་། མཁོ་ཚོང་མཉམ་ལས་ཁང་། ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས། དེང་རབས་ཞིང་ལས་ཐོན་ལས་གླིང་སོགས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པོ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ“རྫོང་རེར་ཐོན་ལས་གཅིག”ལ་དམིགས་པ་དང་། “གྲོང་ཚོ་རེར་སྤུས་རྟགས་གཅིག”འབུར་དུ་ཐོན་པ་བྱེད་པ། ཁྱད་ལྡན་ཞིང་ལས་ཐོན་རྫས་དང་གནོད་མེད་བཟའ་བཅའི་ཚོང་ཁང་ཨ་མ་གསར་སྤེལ་བྱེད་པ། ཕ་ཡུལ་དུ་ཕྱིར་ལོག་པའི་ཞིང་པ་ལས་མི་དང་། སློབ་ཆེན་སློབ་མ། དམག་ཞབས་ཐིམ་པའི་དམག་མི་སོགས་མི་སྒེར་སྒྲིག་འཛུགས་བྱས་ནས་དྲ་ཐོག་ཏུ་ཚོང་ཁང་འདོན་དུ་འཇུག་པ། འཁྱུག་དབྱིངས་དང་ཁུའེ་ཧྲོའུ་སོགས་ཐད་གཏོང་ལས་སྟེགས་ཐོག་ཐོ་འགོད་བཅས་བྱས་ནས་དྲ་ཐོག་ཚོང་དོན་གྱི་གཞི་ཁྱོན་ཆེ་རུ་གཏོང་དགོས་པ་ཁ་གསལ་བཏོན་ཡོད།
   《ཇུས་གཞིའི》ནང་ད་དུང་སློབ་ཆེན་ཐོན་པའི་གྲོང་དཔོན་དང་། དམག་ཞབས་ཐིམ་པའི་དམག་མི། དྲ་ཐོག་ཚོང་དོན་ཁེ་ལས་ཀྱི་རིམ་པ་འབྲིང་ཡན་གྱི་མཐོ་རིམ་དོ་དམ་པ། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཞབས་ཞུའི་ས་ཚིགས་ཀྱི་ལས་མི། ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་གཉེར་སྐྱོང་བ། ཕ་ཡུལ་དུ་ཕྱིར་ལོག་པའི་ཞིང་པ་ལས་མི། དུད་ཚང་དབུལ་པོ་སོགས་ལ་བརྙན་ཐུང་དང་དྲ་ཐོག་གྲགས་ཅན་མི་སྣའི་ཐད་གཏོང་སོགས་དྲ་ཐོག་ཚོང་དོན་གྱི་ལས་རྣམ་གསར་པའི་བཀོལ་སྤྱོད་གསོ་སྦྱོང་བྱེད་པ་དང་དགོས་མཁོ་ཡོད་པའི་ཚོང་དུད་ལ་རིན་ཐང་འཕར་བའི་ཞབས་ཞུའི་གསོ་སྦྱོང་བྱས་ཏེ་ཞིང་ལས་ཐོན་རྫས་ཀྱི་དྲ་ཐོག་ཕྱིར་ཚོང་འཇོན་ཐང་ཅན་ཁག་གཅིག་གསོ་སྐྱོང་བྱེད་དགོས་པ་བཏོན་ཡོད།