འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་11ཉིན།

༄༅།།ཀན་སུའུ་ཡིས། དམངས་ཕན་ཁ་གསབ་སྒོར་དུང་ཕྱུར་3སྤྲད་ནས་རིག་གནས་དང་ཡུལ་སྐོར་ལས་རིགས་
གང་མགྱོགས་ལས་འགོ་བསྐྱར་འཛུགས་དང་ཁྲོམ་ར་སླར་གསོ་ཡོང་ཐབས་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་11ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་6ཚེས9ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། གསར་འགོད་པར་ཀན་སུའུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་ཧུར་ཐག་གཅོག་ཆེད། ཀན་སུའུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་མཉམ་སྦྲེལ་ལས་སྟེགས་བཏོད་དེ་དམངས་ཕན་ཁ་གསབ་སྒོར་དུང་ཕྱུར་3སྤྲོད་པའི་བྱེད་སྒོ་སྤེལ་ནས་ཀན་སུའུ་ཡི་རིག་གནས་དང་ཡུལ་སྐོར་ལས་རིགས་ལས་འགོ་བསྐྱར་འཛུགས་དང་ཁྲོམ་ར་སླར་གསོ་ཡོང་བར་སྐུལ་འདེད་མགྱོགས་པོ་བཏང་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ནི་ཟླ་6པ་ནས་འགོ་བཙུགས་ཏེ་འདི་ལོའི་ལོ་མཇུག་བར་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་ཞིང་། རིམ་རྩིས་བྱས་ན་དམངས་ཕན་ཁ་གསབ་སྒོར་དུང་ཕྱུར་3སྤྲད་པ་དེ་དག་ཀན་སུའུ་ཞིང་ཆེན་གྱི་མགྲོན་ཁང་དང་ཁྱིམ་ཚང་མགྲོན་ཁང་9400དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། “ནུབ་རྒྱུད་སྐོར་བའི་མེ་འཁོར་ཡུལ་སྐོར” “ཁུལ་གསུམ་དང་ཀྲོའུ་གསུམ་གྱི་སྐོར་ལམ་ཆེན་པོའི་མེ་འཁོར་ཡུལ་སྐོར”སོགས་རིག་གནས་ཀྱི་ཐོན་རྫས་200ལྷག་ཙམ་ལ་ཁྱབ་རྒྱུ་རེད། བྱེད་སྒོ་སྤེལ་རིང་རྒྱ་ཆེའི་ཡུལ་སྐོར་བས་མཉམ་སྦྲེལ་ལས་སྟེགས་བརྒྱུད་དྲ་ཐོག་ནས་ཀན་སུའུ་ཡི་མགྲོན་ཁང་དང་མཛེས་ལྗོངས་ཁུལ་བདམས་པ་དང་། རིག་གནས་དང་ཡུལ་སྐོར་གྱི་ཐོན་རྫས་ཉོ་བ། ཞབས་ཞུ་སྒྲུབ་པ་བཅས་བྱས་ཚེ་གཟིགས་སྐྱོང་དེ་དག་ལོངས་སུ་སྤྱོད་ཆོག་གི་ཡོད།
    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀན་སུའུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི“དྲ་ཐོག་དང་དྲ་ཕྱི་མཉམ་དུ་དར་རྒྱས་གཏོང་བའི”མཉམ་སྦྲེལ་དྲ་སྦྲེལ་ལས་སྟེགས་དེས་སྔོན་དཔག་བྱས་ན་ཡུལ་སྐོར་གྱི་ཐད་ཀའི་འཛད་སྤྱོད་སྒོར་དུང་ཕྱུར་30ཡོང་རྒྱུར་སྐུལ་ཁྲིད་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཕན་འབྲས་སྒོར་དུང་ཕྱུར་བརྒྱ་ཙམ་ཐོབ་རྒྱུ་དེ་ནི་ཀན་སུའུ་ཡི་རིག་གནས་དང་ཡུལ་སྐོར་ཐོན་ལས་སླར་གསོ་ཡོང་རྒྱུར་སྐུལ་འདེད་མགྱོགས་པོ་དང་། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་རིགས་སྤུས་འབོར་གཉིས་ལྡན་ཡོང་བར་སྐུལ་འདེད། རིག་གནས་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཕན་འབྲས་རྒྱུན་མཐུད་ཆེ་རུ་བཅས་གཏོང་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།