འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་9ཉིན།

༄༅༎དཀར་མཛེས་ཁུལ་གྱི་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ས་ཆ་གང་བྱུང་དུ་སྤྱོད་པའི་གནད་དོན་གྱི་
དཔེ་མཚོན་གྱོད་དཔེ་4བརྡ་ཁྱབ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་09ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། དཀར་མཛེས་ཁུལ་གྱི་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ས་ཆ་གང་བྱུང་དུ་སྤྱོད་པའི་གནད་དོན་གྱི་དཔེ་མཚོན་གྱོད་དཔེ་4བརྡ་ཁྱབ་བཏང་བ་སྟེ།
     1.ཉག་ཆུ་རྫོང་ཨུད་ཀྱི་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང(དེ་སྔའི་བརྒྱད་ཟིལ་རྫོང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན)མཱ་ཏེ་ཧྥུན་གྱིས་ལས་ཀའི་སྒྲིག་ཁྲིམས་དང་འགལ་བའི་གནད་དོན། 2008ལོའི་ཟླ་6པར། བརྒྱད་ཟིལ་རྫོང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་སྐབས་དེའི་ཀྲུའུ་རེན་མཱ་ཏེ་ཧྥུན་གྱིས་གྲོང་མི་ཁྲེན་ཆེ་གེ་མོ་དང《གྲོས་མཐུན་ཡི་གེ》བཞག་སྟེ། ཁྲེན་ཆེ་གེ་མོས་མ་དངུལ་བཏང་སྟེ་རྫོང་འཆར་ལྡན་བུ་བཙའི་ཞབས་ཞུ་ས་ཚིགས་ཀྱི་ཕྱོགས་བསྡུས་ཐོག་ཁང་གི་ཟུར་གཏོགས་སྐྲུན་དངོས་བསྐྲུན་རྒྱུ་དང་། རྫོང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་ལ་གཙང་འཁྲུད་ཁང་པ་དང་། ཐུམ་རྒྱག་ཁང་པ། དུག་སེལ་ཁང་པ། རླངས་འཁོར་འཇོག་ས་2བཅས་ཕྱིར་སྤྲོད་བྱས་པ་ཕུད་དེ་བྱིངས་ཀྱི་སྐྲུན་དངོས་རྣམས་ཁྲེན་ཆེ་གེ་མོར་དབང་བའི་ཁ་ཆད་བཞག་པ་རེད། རྫོང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་སྐབས་དེའི་ཀྲུའུ་རེན་ཡིན་པའི་མཱ་ཏེ་ཧྥུན་གྱིས་འགན་འཁྲི་ལག་བསྟར་ཡང་དག་མ་བྱས་པར། རྫོང་འཆར་ལྡན་བུ་བཙའ་ཨུ་ལྷན་ལ་སྤྱོད་དབང་ཡོད་པའི་གཞུང་ཁོངས་ས་ཆར་རང་དགར་མི་གཞན་ལ་སྒེར་སྤྱོད་སྡོད་ཁང་རྒྱག་ཏུ་བཅུག་པས་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་ཡོད་པས་2020ལོའི་ཟླ་2པར་མཱ་ཏེ་ཧྥུན་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་ཡོད།
     2. འདབ་པ་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་ཕེང་ཝན་ཀང་གིས་སྒྲིག་འགལ་ངང་ས་ཞིང་བཀོལ་སྤྱོད་བྱེད་དབང་སྒོ་བྱང་བཀལ་ནས་ནང་བཤུག་གཏོང་བའི་གནད་དོན། 2015ལོའི་ཟླ་5པར། འདབ་པ་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་ཕེང་ཝན་ཀན་གྱིས་རྫོང་མི་དམངས་སྲིད་གཞུང་ལ་དགོངས་སྐོར་མ་ཞུས་པ་དང་། ཚོད་སྐོར་བྱེད་དགོས་པར་ཚོད་སྐོར་མ་བྱས་པ། སྙན་སེང་བཀའ་འཁྲོལ་ཞུ་དགོས་པར་སྙན་སེང་བཀའ་འཁྲོལ་མ་ཞུ་བ་བཅས་ཀྱི་ཐོག་ནས་བཅིངས་འགྲོལ་གྲོང་རྡལ་འདམ་འགོ་གྲོང་ཚོའི་ཚོང་ལས་ས་ཆ་མུའུ་50ཡི་སྤྱོད་དབང་སྒོ་བྱང་བཀལ་ནས་ནང་བཤུག་བཏང་བས། 2019ལོའི་ཟླ་7པར་ཕེང་ཝན་ཀང་ལ་སྲིད་དོན་སྐྱོན་ཐོ་འགོད་པའི་ཆད་པ་བཅད་པ་རེད།
     3.ལྕགས་ཟམ་ཁ་རྫོང་ལྕགས་ཟམ་གྲོང་རྡལ་ཨན་ལེ་གྲོང་ཚོའི་དེ་སྔའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་ཞའོ་ཅུན་གྱིས་སྒྲིག་འགལ་ངང་ས་ཆ་སྤྱོད་དབང་ནང་བཤུག་བཏང་བའི་གནད་དོན། 2013ལོར། ལྕགས་ཟམ་ཁ་རྫོང་ལྕགས་ཟམ་གྲོང་རྡལ་ཨན་ལེ་གྲོང་ཚོའི་སྐབས་དེའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་ཞའོ་ཅུན་གྱིས་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་རང་དགར་ཨན་ལེ་ཚོགས་ཆུང་གི་མཉམ་སྡེབ་ནགས་ས་མི་གཞན་ལ་འགན་གཙང་སྤྲད་ནས་གཤིན་པོ་དུར་འཇུག་ལས་རིགས་གཉེར་དུ་བཅུག་པ་དང་། ལྕགས་ཟམ་གྲོང་རྡལ་ཨན་ལེ་གྲོང་ཚོར་གནས་པའི་འགན་གཙང་ས་ཞིང་དེ་སྒྲིག་འགལ་ངང་གཞན་ལ་ནང་བཤུག་བཏང་ནས་ཁང་པ་རྒྱག་ཏུ་བཅུག་པས། 2019ལོའི་ཟླ་9པར་དབྱང་ཞའོ་ཅུན་ལ་ཏང་ནང་བཞག་ནས་ལོ་གཅིག་ལྟ་ཞིབ་བྱེད་པའི་ཆད་པ་བཅད་པ་རེད།
     4.སྡེ་རོང་རྫོང་ཝ་ཁ་གྲོང་རྡལ་རྩི་ཧྲེ་གྲོང་ཚོའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་འཛོམས་གཡང་ཚེ་རིང་གིས་རང་དགར་གྲོང་ཚོའི་མཉམ་སྡེབ་ས་ཞིང་བོགས་མར་བཏང་བའི་གནད་དོན། 2017ལོའི་ཟླ་10པར། སྡེ་རོང་རྫོང་ཝ་ཁ་གྲོང་རྡལ་རྩི་ཧྲེ་གྲོང་ཚོའི་སྐབས་དེའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་འཛོམས་གཡང་ཚེ་རིང་གིས་མི་སྒེར་གྱི་མིང་ཐོག་ནས་གྲོང་ཚོའི་མཉམ་སྡེབ་ས་ཞིང་བོགས་མར་བཏང་ནས་སྒེར་ཕན་དོན་གཉེར་བྱས་པ་དང་འབྲེལ། གྲོང་མིར་འཇིགས་སྐུལ་བྱས་ཡོད་པས། 2018ལོའི་ཟླ་9པར་འཛོམས་གཡང་ཚེ་རིང་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་བཅད་པ་དང་འབྲེལ་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་ནས་ཁྲིམས་ལྟར་ཐག་གཅོད་བྱས་པ་རེད།