འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་4ཉིན།

༄༅༎མཚོ་སྔོན་གཙང་གསུམ་ཆུ་འགོའི་ཁུལ་གྱི་ཆུའི་སྤུས་ཚད་ལེགས་པ་དང་སྣོད་བཅུད་ཁོར་ཡུག་སྤྱིར་ན་བརྟན་པོ་ཡོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་04ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན། མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་གིས《2019ལོའི་མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་གི་གནས་ཚུལ་སྤྱི་བསྒྲགས》ཡོངས་བསྒྲགས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་ཁུལ་ཁོངས་ཀྱི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཆུ་གཞུང་ཨ་མ་རྒྱུག་ཁུལ་གྱི་ཆུའི་སྤུས་ཚད་ལེགས་པ་དང་། སྔོ་ཁེབས་ཁྱབ་ཚད་ཆེ་རུ་ཕྱིན་ནས་ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་གི་གནས་ཚུལ་སྤྱིར་ན་བརྟན་པོ་ཡོད་པ་རེད།
     གཙང་གསུམ་ཆུ་འགོའི་ཁུལ་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པ་དང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པས། ཨེ་ཤེ་ཡའི་ཆུ་རྩ་གསོ་ཁུལ་གལ་ཆེན་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཡིན་པའི་ངོས་འཛིན་ཡོངས་བསྒྲགས་བྱེད་ཅིང་། སྤྱི་བསྒྲགས་ལས་མངོན་གསལ། གཙང་གསུམ་ཆུ་འགོའི་ཁུལ་དང་། མཚོ་སྔོན་པོའི་རྒྱུག་ཁུལ། མདོ་ལ་རིང་མོའི་ས་ཁོངས་སོགས་གཙོ་གནད་སྣོད་བཅུད་བྱེད་ནུས་ཁུལ་དང་རྒྱུག་ཁུལ་གྱི་སྣོད་བཅུད་མ་ལག་ལོ་གོང་མ་དང་བསྡུར་ན་ལེགས་སུ་ཕྱིན་ཡོད་པ་དང་། ས་ཁོངས་ཀྱི་སྣོད་བཅུད་མ་ལག་རིགས་དང་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ཡག་པོ་ཡོད་པ། གཙང་གསུམ་ཆུ་འགོའི་ཁུལ་དུ་སྔོ་ཁེབས་ཁྱབ་ཚད་77%ཟིན་ཡོད་པ་རེད།
     མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་སི་ཝུན་ཤོན་གྱིས། 2019ལོར། ཞིང་ཆེན་ཡོངས་ཀྱི་ས་ངོས་ཆུའི་སྤུས་ཚད་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། གཅིག་སྡུད་རྣམ་པའི་འཚོ་བའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་རྒྱུན་མཐུད་ཡག་པོ་ཡོད་པ་རེད། འབྲི་ཆུའི་ཆུ་གཞུང་ཨ་མ་དང་། རྨ་ཆུའི་ཆུ་གཞུང་ཨ་མ། རྫ་ཆུའི་ཆུ་གཞུང་ཨ་མ། མཚོ་སྔོན་པོའི་རྒྱུག་ཁུལ། ཙོང་ཆུ་རྒྱུག་ཁུལ་བཅས་དང་དེ་བཞིན་ཚྭ་འདམ་སྐམ་སའི་དབུལ་ཁུལ་གྱི་ཆུའི་རྒྱུག་ཁུལ་སོགས་སུ་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་གྱི་བཅད་ཁ་61བཙུགས་པ་དང་། དེའི་ནང་ལྟ་ཞིབ་ཚད་ལེན་གྱི་བཅད་ཁ་60ཡི་ཆུའི་སྤུས་ཚད་ཀྱི་དམིགས་ཚད་དུ་སླེབས་པ་དང་། ཚད་ལོན་ཚད་98.4%ཟིན་ནས་ཆུའི་སྤུས་ཚད་ལེགས་པོ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     སྤྱི་བསྒྲགས་ནང་། 2019ལོར། མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་གྲོང་ཁྱེར(གྲོང་རྡལ)གྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ཚད་ལོན་ཉིན་གྲངས་ཀྱི་བསྡུར་གྲངས་96.1%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.6མཐོ་རུ་ཕྱིན་ཡོད་ཅེས་འཁོད་ཡོད་པ་རེད།