འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་4ཉིན།

༄༅།།དབྱིན་ཅི་ཧྲ་རྫོང་ཝུའུ་ཆཱ་གྲོང་རྡལ་ཐུའོ་ཝན་ཡཱ་པཱ་ཀེ་གྲོང་ཚོར་བཅའ་སྡོད་ཤིན་ཅང་ཁཱ་ཧྲི་ས་
ཁུལ་སློབ་གསོ་ཅུས་ཀྱི་ཧྲུའུ་ཅི་དང་པོ་དབྱང་མིང་གིས་བརྗོད་དོན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་04ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ས་ཞིང་ནང་བཤུག་བཏང་ནས་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ་གྲོང་མི་ཚོའི་སྣེ་ཁྲིད་དེ་དབུལ་སྒྲོལ་བརྟན་པོ་ཡོང་བ་བྱེད་དགོས།
    སྔོན་ཆད། ས་ཞིང་ནི་གྲོང་མིའི་ཡོད་ཚད་ཡིན་ཡང་། མི་རེར་ཆ་སྙོམས་མུའུ་རེ་ཡང་ཟིན་གྱི་མེད་པའི་ས་ཞིང་ཆུང་ཆུང་འདིས་གྲོང་མི་ཚོ་དབུལ་ཕོངས་ལས་ཐར་ཐུབ་མེད། ཞིང་ཁ་ཡག་པོ་སྐྱེས་ན་བཟའ་འབྲུ་འདང་ཙམ་ཡོད་ཀྱང་ཡག་པོ་མ་སྐྱེས་ན་བཟའ་འབྲུ་ཡང་འདང་གི་མེད།
    གྲོང་ཚོའི་ནང་དུ་ལས་ཀ་བྱེད་པར་ཚང་མས་མཇུག་འབྲས་ཡག་པོ་ཐོབ་མིན་ལ་ལྟ་གི་ཡོད་པ་རེད། 2018ལོའི་ལོ་འགོར། ང་ཚོས་ཐོག་མར་ས་ཞིང་ནང་བཤུག་གཏོང་འདོད་ཡོད་པའི་གྲོང་མི་ནས་འགོ་བརྩམས་ཏེ། གྲོང་ཚོའི་ཅང་གུར་ཡུག་ཁུལ་དུ། མུའུ་356ཟིན་པའི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱས་པ་ཡིན། འཕྲུལ་ཆས་ཅན་དང་གཞི་ཁྱོན་ཅན་གྱི་འདེབས་འཛུགས་ལ་བརྟེན་ནས་གྲོ་དང་ཨ་ཤོམ་གྱི་ཐོན་འབབ་དང་སྤུས་ཚད་སྔོན་ཆད་དང་བསྡུར་ན་ཧ་ཅང་མང་དུ་ཕྱིན་པ་དང་། ལོ་ལེགས་བྱུང་སྐབས། མཉམ་ལས་ཁང་གི་མདུན་དུ་ཁེ་སྤོགས་ལེན་པར་ཡོང་མཁན་གྲོང་མི་བང་རིང་པོ་བསྒྲིགས་ཀྱི་ཡོད།
    ཅང་གུར་ཡུག་ཁུལ་གྱི་འགྱུར་ལྡོག་མཐོང་སྐབས། ཚང་མས་གཅིག་རྗེས་གཉིས་མཐུད་དུ་ཞུགས་པ་དང་། 2019ལོར། གྲོང་ཚོའི་ནང་གི་ས་ཞིང་མང་ཆེ་བ་བསྡུ་སྒྲིལ་བྱས་རྗེས་མཉམ་ལས་ཁང་གིས་གཅིག་གྱུར་འདེབས་འཛུགས་དང་གཡོག་བྱེད་བྱེད་ཀྱི་ཡོད་པ་རེད།
    2018ལོའི་ཟླ་དང་པོར། ཤིང་ཆ་ལས་སྣོན་མཉམ་ལས་ཁང་བཙུགས་ཤིང་། མཉམ་ལས་ཁང་གིས་བཟོས་པའི་ཧྲ་ཧྥ་དང་། མཛེས་འཆོས་སྤྲས་སྟེགས། ཅོག་ཙེ་སོགས་ལ་དགའ་བསུ་ཆེན་པོ་ཐོབ་ཀྱི་འདུག མཉམ་ལས་ཁང་འདིར་ལས་ཀ་བྱེད་མཁན་གྱི་གྲོང་མིར་ཟླ་རེར་གླ་ཆ་སྒོར་3000ལྷག་ཙམ་རག་གི་ཡོད། 2019ལོའི་ཟླ་བདུན་པར། ལག་ཤུབས་ཐོན་སྐྱེད་བྱེད་མཁན་གྲོང་ཚོའི་བཟོ་གྲྭ་བཙུགས་པར་གྲོང་ཚོ་ཡོངས་ཀྱི་གྲོང་མི་126ཐག་ཉེ་སར་ལས་ཞུགས་ཐུབ་ཡོད་པ་རེད།
    ཐག་ཉེ་སར་ལས་ཞུགས་ཐུབ་པ་ཕུད། ང་ཚོས་གྲོང་མི་ཚོར་ཕྱིར་བསྐྱོད་དེ་ལས་ཞུགས་བྱ་རྒྱུར་ཡང་ལྕག་སྐུལ་བྱེད་ཀྱི་ཡོད། ད་ཆ། གྲོང་ཚོའི་ནང་གི་མི་109ཕྱིར་ལས་ཀར་བསྐྱོད་པར་ཡོང་འབབ་བརྟན་པོ་བྱུང་ཡོད།
    འདི་དག་ཕུད་གཞན་ཅི་ཞིག་བྱེད་ཐུབ་ཅེ་ན། གྲོང་ཚོའི་ནང་གི་བེད་སྤྱོད་ཆོག་པའི་ཐོན་ཁུངས་ཚང་མ་བེད་སྤྱོད་ཡག་པོ་བྱེད་ཀྱི་ཡོད། འདི་ལོའི་ཟླ་ལྔ་པའི་ཟླ་འགོར། ང་ཚོས་འདམ་རྩྭ་མང་པོ་སྐྱེས་པའི་འདམ་རའི་ཐོན་ཁུངས་ལ་བརྟེན་ནས་བྱ་གག་གསོ་ཚགས་མཉམ་ལས་ཁང་དངོས་སུ་བཙུགས་པ་དང་། བྱ་གག་ཁྲ་བོ་1000དང་ཅིན་ཏིང་བྱ་གག་1000གཅིག་རྗེས་གཉིས་མཐུད་དུ་ཉོས་པ་དང་བསྟུན་ནས་བྱ་གག་ཐོན་ལས་རགས་ཙམ་ཆགས་པ་དེས་གྲོང་ཚོའི་ངལ་ནུས་ཁག་གཅིག་ལས་ཞུགས་ཐུབ་ཡོད་པ་རེད།
    ཐུའོ་ཝན་ཡཱ་པཱ་ཀེ་གྲོང་ཚོར་ངལ་རྩོལ་ནུས་པ་ལྡན་པའི་མི་769ཡོད་པ་ཚང་མ་ལས་ཞུགས་ཐུབ་ཡོད། འདི་ལོར། གྲོང་ཚོ་ཧྲིལ་པོའི་གླ་ཕོགས་རང་བཞིན་ཡོང་འབབ་ཀྱིས་ཡོང་འབབ་བསྡོམས་འབོར་གྱི་60%ཡན་ཟིན་རྒྱུ་ཡིན་པས་གྲོང་མི་ཚོའི་དབུལ་སྒྲོལ་གྱི་གདེང་ཚོད་ཆེན་པོ་ཡོད་པ་རེད།