འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་3ཉིན།

༄༅༎རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱི་ཡིན།

—— ཕྱི་རྒྱལ་དུ་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིས་རྒྱལ་ཁབ་ཀྱི་བདེ་འཇཌ་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུཌ་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་03ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཉིན་ཤས་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས《རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས(འཆར་ཟིན)》 ལ་གྲོས་ཞིབ་བྱེད་རྒྱུར་ཕྱི་རྒྱལ་དུ་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིས་རྒྱུན་མཐུད་ངང་དོ་ཁུར་བྱས་ནས། ཤང་ཀང་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་ཁྲིམས་འཛུགས་ལ་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་བ་དང་། ཤང་ཀང་གི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ཁྱབ་ཁོངས་ཀྱི“འགོག་སྲུང་མེད་པའི”རྣམ་པར་འགྱུར་ལྡོག་གཏོང་བ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ། གཞི་རྩའི་བཅའ་ཁྲིམས་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”སྲུང་སྐྱོང་བཅས་བྱས་ཏེ། ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་ཀྱིས་ཤང་ཀང་དེ་ཀྲུང་གོ་ཁ་ཕྲལ་གཏོང་བའི་རྟེན་གཞིར་འགྱུར་དུ་གཏན་ནས་འཇུག་གི་མིན།
     ཧན་གོར་ཡོད་པའི་ཕྱིར་སྡོད་རང་མིའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་པའི་སྤྱི་ཁྱབ་ཚོགས་གཙོ་ཝང་ཧའེ་ཅུན་གྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རྨང་གཞི་ནི“རྒྱལ་ཁབ་གཅིག”ཡིན་ཞིང་། ཀྲུང་གོར་ངོ་རྒོལ་དང་ཤང་ཀང་ཟང་ཟིང་བཟོ་མཁན་ཕྱོགས་གཏོགས་ཀྱིས་མངོན་སུམ་འཛེམ་མེད་ངང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རྩ་དོན་དང་མཐའ་ཚད་ལ་འགྲན་སློང་བྱས་པ་མ་ཟད། ཕྱིའི་ཕྱོགས་གཏོགས་དང་ངན་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། རྒྱབ་ལྗོངས་འདི་འདྲའི་འོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་རིམ་པ་ནས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་གི་ཁྲིམས་འཛུགས་ལས་དོན་ལ་ཁྲིམས་ལྟར་སྐུལ་འདེད་གཏོང་བ་ནི་མ་བྱས་ཐབས་མེད་དང་ནར་འགྱངས་ཡུད་ཙམ་ཡང་བྱེད་མི་རུང་བ་ཞིག་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནི་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་མཐོ་ཤོས་ཡིན་པའི་ཆ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་བཟོ་རྒྱུ་ནི་འགན་འཁྲི་ཞིག་ཡིན་ལ། རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་དབང་ཞིག་ཀྱང་ཡིན་པས་དེར་དོགས་འཆར་གཏན་ནས་བྱེད་མི་དགོས་པའི་ལུགས་མཐུན་རང་བཞིན་དང་ཁྲིམས་མཐུན་རང་བཞིན་ལྡན་ཡོད་ཅེས་བརྗོད་པ་རེད།
     ཁ་ཐར་གྱི་ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཕྱི་རྒྱལ་གྱི་ཨུ་ཡོན་ཆི་ཙི་ཧན་གྱིས། མངའ་ཁོངས་ཕྱི་ནང་གི་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཕྱོགས་གཏོགས་དབར་ངན་འབྲེལ་བྱས་ནས། ཤང་ཀང་གི་བརྟན་ལྷིང་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བཤིག་གཏོང་བའི་དངོས་ཡོད་འཇིགས་སྐུལ་གྱི་མདུན་དུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར། རྒྱལ་ཁབ་ཀྱི་རིམ་ངོས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ཡོད། དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”སྲུང་སྐྱོང་གི་དགོས་མཁོ་ཞིག་ཡིན་ལ། ཤང་ཀང་གི་གྲོང་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། ཤང་ཀང་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བའི་དགོས་མཁོ་ཞིག་ཀྱང་ཡིན་ཞེས་བརྗོད་པ་རེད།
     ཨ་ཀེན་ཐིན་གྱི་ཀྲུང་གོ་ཞི་བའི་གཅིག་གྱུར་ཡར་སྐུལ་ཚོགས་པའི་ཚོགས་གཙོ་ལུའོ་ཁྲའོ་ཤིས་ཀྱིས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རྨང་གཞི་ནི“རྒྱལ་ཁབ་གཅིག”ཡིན་ཞིང་། ང་ཚོས་མི་སུ་ཞིག་གིས་ཀྱང“ལམ་ལུགས་གཉིས”ཀྱི་དར་ཆ་འཕྱར་ནས་རྒྱལ་ཁབ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་སྤེལ་དུ་གཏན་ནས་འཇུག་གི་མིན་ལ། ཤང་ཀང་འདི་ཉིད་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བ་དང་ཀྲུང་གོའི་འཕེལ་རྒྱས་བཀག་འགོག་བྱེད་པའི་མདུན་ཕྱོགས་རྟེན་གཞིར་འགྱུར་དུ་གཏན་ནས་འཇུག་གི་མིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་ནི་མི་དམངས་ཀྱི་འདོད་བློ་དང་མཐུན་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པའི་དྲང་བདེན་གྱི་བྱ་སྤྱོད་ཅིག་ཡིན། ང་ཚོས་འབྲེལ་ཡོད་ཁྲིམས་འཛུགས་སྔ་ཙམ་ལེགས་སྒྲུབ་བྱས་ནས་དངོས་སུ་ལག་བསྟར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
     དབྱིན་ཇིའི་ཅན་ཆའོ་ཕྱིར་སྡོད་རང་མིའི་སྡེ་ཁུལ་ལྟེ་གནས་ཀྱི་ཀྲུའུ་ཞི་སུན་ཝེ་ཡིས། ཀྲུང་གོར་ངོ་རྒོལ་དང་ཤང་ཀང་ཟང་ཟིང་བཟོ་མཁན་ཕྱོགས་གཏོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ཐད་ཀྱི་བཅའ་ཁྲིམས་ཀྱི་སྟོང་ཆ་དང་ལམ་སྲོལ་གྱི་ཞན་ཆ་སྤྱད་དེ་མངོན་སུམ་འཛེམ་མེད་ངང་ཤང་ཀང་གི་ཁྲིམས་སྐྱོང་ལ་ཕོག་ཐུག་གཏོང་བ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རྨང་གཞིར་གཏོར་བཤིག་བཏང་བ་དེས་ཀྲུང་གོའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྐུལ་ཆེན་པོ་བཟོས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཤང་ཀང་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་། གཞི་རྩའི་བཅའ་ཁྲིམས་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”སྲུང་སྐྱོང་བྱེད་རྒྱུ་དེ་ཡིན་པས། དགོས་གཏུག་རང་བཞིན་དང་དགོས་ངེས་རང་བཞིན་ཆེན་པོ་ལྡན་པ་མངོན་གསལ་དོད་པོ་རེད། ང་ཚོས་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཕྱོགས་གཏོགས་ཀྱིས་ཤང་ཀང་དེ་ཀྲུང་གོ་ཁ་ཕྲལ་གཏོང་བའི་རྟེན་གཞིར་འགྱུར་དུ་གཏན་ནས་འཇུག་གི་མིན་ཞེས་བརྗོད་པ་རེད།