འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་2ཉིན།

༄༅།།དབྱར་འབྲུར་ལོ་ལེགས་ཡོང་བའི་རེ་བས་ཁེངས། དཔལ་འབྱོར་རྨང་གཞི་སྔར་བས་སྲ་ཞིང་བརྟན།

—— ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ། “འཕར་བ”ལ་ཤུགས་སྣོན་རྒྱག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་02ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    རྒྱ་ཁྱོན་བརྟན་པོ་དང་། སྲིད་ཇུས་བརྟན་པོ། ཐོན་ནུས་བརྟན་པོ་བཅས་བྱུང་ནས་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཁོ་སྤྲོད་འཁོར་སྦྲེལ་དང་ཐོན་སྐྱེད་འཁོར་སྦྲེལ་གོ་རིམ་ལྡན་པས་དུས་ཚིགས་དང་པོའི་འདེབས་འཛུགས་ལས་རིགས་ཀྱི་འཕར་སྣོན་རིན་ཐང་བརྟན་པོའི་ངང་འཕར་བར་སྐུལ་མ་ནུས་ལྡན་ཐེབས་ཡོད། མིག་སྔར། རྒྱལ་ཡོངས་ཀྱིས་དཔྱིད་འདེབས་འབྲུ་རིགས་ཀྱི་རྒྱ་ཁྱོན་མུའུ་དུང་ཕྱུར་9ཙམ་ལེགས་གྲུབ་བྱུང་བ་དེ་ན་ནིང་ལས་འཕར་སྣོན་ཕྲན་བུ་བྱུང་ཡོད་པ་རེད།
   “རྒྱ་ཁྱོན་བརྟན་པོ་བྱུང་ན་འབྲུ་འདེབས་ཞིང་པའི་ཡོང་འབབ་དང་སེམས་པ་བརྟན་པོ་ཡོང་ཐུབ”ཅེས་ཧུའུ་ནན་ཞིང་ཆེན་དབྱི་དབྱང་གྲོང་ཁྱེར་ཧའོ་ཧྲན་ཆུས་ཨོའུ་ཅང་ཁྲ་གྲོང་རྡལ་ཕའེ་ཁོའུ་གྲོང་ཚོའི་འབྲུ་འདེབས་དུད་ཆེན་ལིའུ་ཅིན་ལིང་གིས་བཤད། དཔྱིད་ཀ་ཤར་ཚུན། ཧུའུ་ནན་ཞིང་ཆེན་གྱི་སྔ་སྨིན་འབྲས་འདེབས་ཁྱོན་མུའུ་ཁྲི་1837.2ཟིན་པ་དེ་དུས་མཚུངས་ལས་མུའུ་ཁྲི་195.3འཕར་ཡོད་པ་རེད།
    རྒྱ་ཁྱོན་བརྟན་པོ་བྱུང་ན་གཞི་ནས་ཐོན་འབབ་བརྟན་པོ་ཡོང་ཐུབ། ཞིང་ལས་གྲོང་གསེབ་པུའུ་འདེབས་འཛུགས་ལས་རིགས་སིའི་སི་ཀྲང་ཕན་ཝུན་པོ་ཡིས། བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ཡར་འཕར་ཡོང་བ་བྱ་རྒྱུ་ནི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་གཅིག་མཐུན་བྱ་སྤྱོད་དུ་གྱུར་ཡོད་ཅེས་བརྗོད་པ་རེད།
    ད་ལོའི་དཔྱིད་ཀར་ཅང་ཤིས་ཀྱིས་སྔ་སྨིན་འབྲས་མུའུ་ཁྲི་1830བཏབ་པ་དེ་ལོ་གོང་མ་ལས་མུའུ་ཁྲི་190མང་དུ་སོང་ཡོད། ཧྥུའུ་ཅན་གྱིས་སྔ་སྨིན་འབྲས་མུའུ་ཁྲི་1250བཏབ་པ་དང་སྦྲགས་མ་རྨོས་ལོ་ཏོག་དང་། སྲན་ཆེན། ཞོག་ཁོག་སོགས་འབྲུ་རིགས་མུའུ་ཁྲི་150ལྷག་བཏབ་པ་དེ་དུས་མཚུངས་ལས་མུའུ་ཁྲི་6འཕར་ཡོད།
    —— དངོས་དངོས་རྗེན་རྗེན་གྱི་མ་དངུལ་བཏང་བ། “གནད་སྨིན”ལ་བརྩོན་པ།
    “མ་དངུལ་གཏོང་ཕྱོགས་ཐད། ཞིང་པའི་དགོས་མཁོ་དང་གནད་སྨིན་འབྲེལ་མཐུད་བྱས་ནས་ཞིང་པས་སོ་ནམ་ལས་ཀྱི་བརྩོན་སེམས་འཕེལ་བར་བྱེད་པ་ལས། ཁོ་ཚོར་གྱོང་རག་ཏུ་འཇུག་མི་རུང”ཞེས་ཆིང་ཧྭ་སློབ་ཆེན་ཀྲུང་གོ་གྲོང་གསེབ་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཀྲང་ཧུང་ཡུས་ཀྱིས་བཤད།
    སྲིད་ཇུས་ཀྱི་འཕེལ་ཕྱོགས་ནི་མ་དངུལ་གཏོང་ཕྱོགས་ཡིན། ནོར་སྲིད་ཉིད་འདེབས་འཛུགས་ལས་རིགས་ལ་ཕྱོགས་པ་ནི་དཔལ་འབྱོར་གཉེར་སྐྱོང་ཁྲོད་ཀྱི་ལྟ་ན་སྡུག་པའི་ཡུལ་ལྗོངས་ལྟ་བུ་ཞིག་ཡིན།
    ད་ལོར་ཅང་སུའུ་ཡིས་ཆུ་འབྲས་མུའུ་50ཡན་འདེབས་མཁན་ལ་མུའུ་རེར་ཁ་གསབ་སྒོར་100ལས་མི་ཉུང་བ་སྤྲོད་རྒྱུ་དང་། འབྲུ་རིགས་ཐོན་སྐྱེད་ཀྱི་གྲུབ་འབྲས་མངོན་གསལ་དོད་པ་དང་ལོ་ཧྲིལ་པོའི་འབྲུ་རིགས་རྒྱ་ཁྱོན་1%ཡན་འཕར་བའི་འབྲུ་རིགས་ཐོན་སྐྱེད་ཀྱི་རྫོང་ཆེན་པོར་བྱ་དགའི་ཁ་གསབ་སྒོར་ཁྲི་500ནས་1000སྤྲོད་རྒྱུ་ཁ་གསལ་བཟོས་པ་རེད།
   ཧེ་ལུང་ཅང་གིས་མ་དངུལ་བཏང་ནས་དཔྱིད་དུས་ཀྱི་སོག་མ་ཞིང་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ནུས་ཆེའི་ཐོ་ཕྲུག་དང་སོག་མའི་ཆེད་སྤྱོད་འཕྲུལ་འཁོར་ཉོས་པའི་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ལ་རྒྱལ་ཁབ་ཀྱི་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སྤྲོད་པའི་རྨང་གཞིའི་ཐོག་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཞིང་འཕྲུལ་ཉོས་པའི་ལོ་2གོང་གི་ཁྲོམ་རའི་ཕྱིར་ཚོང་རིན་གོང་དམའ་ཤོས་ཀྱི་20%ལྟར་ཁ་གསབ་ཁ་སྣོན་རྒྱག་གི་ཡོད། ཁ་གསབ་བསྡོམས་འབོར་ཞིང་འཕྲུལ་ཕྱིར་ཚོང་རིན་གོང་གི་50%ལས་མི་བརྒལ་བ་བྱས་ཡོད།
    —— དངོས་འཛིན་དངོས་འདོམས་ཀྱིས་ལྟ་སྐུལ་བྱས་པ། “ནན་པོ”དོན་འཁྱོལ་བྱས་པ།
    “འབྲུ་རིགས་བཏབ་ན་ཡོང་འབབ་ཡག་པོ་འདུག ད་ལོ་ང་ཚོའི་མུའུ་430ཟིན་པའི་ཞིང་ཁར་སྔ་སྨིན་འབྲས་བཏབ་ཟིན། ལོ་གོང་མའི་ཆུ་འབྲས་མུའུ་117ནས་ད་ལྟའི་མུའུ་400ལྷག་ཙམ་བར་འདེབས་ཁྱོན་ཆེ་རུ་བཏང་བ་ཡིན། དེའི་ཐད་སྲིད་གཞུང་སྡེ་ཚན་གྱིས་རོགས་རམ་མང་པོ་གནང་བ་མ་གཏོགས་ང་ཚོ་ཁེར་རྐྱང་གིས་སྒྲུབ་ཐབས་བྲལ་ཡོད”ཅེས་ཧྲང་ཧའེ་གྲོང་ཁྱེར་སུང་ཅང་ཆུས་མའོ་ཀང་གྲོང་རྡལ་ཡའོ་ཅིན་གྲོང་ཚོའི་འབྲུ་འདེབས་དུད་ཆེན་ལི་ཁྲུན་ཧྥུང་གིས་བཤད།
    འབྲུ་རིགས་ཐོན་སྐྱེད་ཀྱི་གཙོ་གནད་རྫོང་44ལ་དམིགས་ཏེ་ད་ལོ་ཅང་ཤིས་ཀྱིས་ཞིང་ཆེན་ནས་མཛུབ་ཁྲིད་ཚོགས་ཆུང་རྫོང་དུ་མངག་གཏོང་དང་། རྫོང་གི་འགོ་ཁྲིད་ཀྱིས་ཤང་འགན་གཙང་ལེན་པ། ཤང་གི་ལས་བྱེད་པས་གྲོང་ཚོ་འགན་གཙང་ལེན་པ། གྲོང་ཚོའི་ལས་བྱེད་པས་ཚོགས་ཆུང་འགན་གཙང་ལེན་པ། ཚོགས་ཆུང་གི་ལས་བྱེད་པས་དུད་ཚང་འགན་གཙང་ལེན་པ་བཅས“རིམ་ལྔའི་འགན་གཙང་ལམ་ལུགས”ལག་བསྟར་བྱས་ཏེ་འབྲུ་རིགས་འདེབས་ཁྱོན་ཉུང་དུ་མི་འགྲོ་བའི་ལས་འགན་ལེགས་སྒྲུབ་མ་ཐུབ་བར་བྱ་སྤྱོད་སྤེལ་མཚམས་མི་འཇོག་པ་དང་དེ་བཞིན་སྔ་སྨིན་འབྲས་ཐོན་སྐྱེད་ཐད་ཉིན་རེར་བཀོད་གཏོང་དང་ཉིན་རེར་བརྡ་ཁྱབ་གཏོང་བ་དང་དུས་ཐོག་ཏུ་བརྡ་ཁྱབ་གྲོས་མོལ་དང་བཀའ་གཏོང་བཅོས་སྒྲིག་བྱས་ཡོད།
    དཔྱིད་ཀ་ཤར་ཚུན་ཧུའུ་པེས་དུས་བསྟུན་ཇུས་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་འཚམ་པའི་སྲིད་ཇུས་བྱ་ཐབས་དུས་ཐོག་ཏུ་བཏོན་པ་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་16སྒྲིག་འཛུགས་བྱས་ཏེ་ཟམ་མི་ཆད་པར་ལྟ་སྐུལ་མཛུབ་ཁྲིད་དང་ཉིན་རེའི་བཀོད་གཏོང་ལམ་ལུགས་ལག་བསྟར་བྱས་ནས་དུས་རྒྱུན་ལས་ལྷག་པའི་ལས་ཀ་བྱས་ནས་དཔྱིད་རྨོད་དཔྱིད་འདེབས་དོན་འཁྱོལ་ལ་དམ་འཛིན་བྱས་ཡོད།
    ཞིང་ལས་གྲོང་གསེབ་པུའུ་ཞིང་དོན་བཀོད་གཏོང་ལས་རྒྱལ་ཡོངས་ཀྱི་དཔྱིད་འདེབས་སྐྱེ་དངོས་ནང་སྔ་སྨིན་འབྲས་འདེབས་ཁྱོན་ཆེ་རུ་སོང་བ་དང་མུའུ་དུང་ཕྱུར་9ཙམ་གྱི་དཔྱིད་འདེབས་སྐྱེ་དངོས་མྱུ་གུ་འབུད་ནས་རྩ་བ་ཚུགས་བཞིན་ཡོད། དབྱར་འབྲུ་དབྱར་སྣུམ་ལ་ལོ་ལེགས་ཀྱི་རྣམ་པ་ཞིག་མངོན་ནས་མུའུ་དུང་ཕྱུར་3.32ཟིན་པའི་དགུན་གྲོ་དང་མུའུ་ཁྲི་9200ཟིན་པའི་པད་ཁ་མཛོད་དུ་འཇུག་བཞིན་ཡོད།