འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་2ཉིན།

༄༅།།པེ་ཅིང་གིས་སྐར་གསོག་གཞིས་ཆགས་སྲིད་ཇུས་ཀྱི་སྟོན་ཕྱོགས་སྟོན་རྟགས་ཆེ་གྲས་6ལེགས་
སྒྲིག་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་02ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་13ཉིན་ནས་བཟུང《པེ་ཅིང་གྲོང་ཁྱེར་གྱི་སྐར་གསོག་གཞིས་ཆགས་དོ་དམ་བྱ་ཐབས》དང《པེ་ཅིང་གྲོང་ཁྱེར་གྱི་སྐར་གསོག་གཞིས་ཆགས་བཀོལ་སྤྱོད་དོ་དམ་ཞིབ་སྲོལ》གསར་པ་རྒྱལ་སའི་སྐར་ཁུང་གི་དྲ་ཚུགས་ཐོག་ཁྱབ་བསྒྲགས་བྱས་ནས་སྤྱི་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱ་རྒྱུ་རེད། དེ་སྔ་དང་བསྡུར་ན། བྱ་ཐབས་གསར་པ་དེས་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་སྤྱིར་རྒྱུན་འཁྱོངས་བྱས་ཡོད་ལ། སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་སློག་པ་དང་སྲིད་ཇུས་ཀྱི་ཞན་ཆ་གསབ་ནས་སྲིད་ཇུས་དེ་བས་ཚན་རིག་དང་མཐུན་པ་དང་། དེ་བས་དྲང་གཞག དེ་བས་ལུགས་མཐུན་བཅས་ཡོང་བ་བྱ་རྒྱུ་རེད།
    པེ་ཅིང་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། “4+2+7(ཐོབ་ཐང་གི་ཆ་རྐྱེན་ཁག་4དང་། རྨང་གཞིའི་སྟོན་རྟགས་ཁག་2 སྟོན་ཕྱོགས་ཀྱི་སྟོན་རྟགས་ཁག་7བཅས་སོ)”གྱི་སྐར་གསོག་གཞིས་ཆགས་སྟོན་རྟགས་མ་ལག་གི་སྒྲོམ་གཞི་བརྟན་པོ་རྒྱུན་འཁྱོངས་བྱེད་པའི་འོག་ཐོབ་ཐང་གི་ཆ་རྐྱེན་ཁག་4(པེ་ཅིང་གྲོང་ཁྱེར་དུ་སྡོད་ཆོག་པའི་ལག་ཁྱེར་ཡོད་པ་དང་། ཁྲིམས་གཏན་འཁེལ་བའི་ལས་འཁྱུར་ངལ་གསོའི་ལོ་ཚད་ལ་སླེབས་མེད་པ། པེ་ཅིང་དུ་ལོ་7བསྟུད་མར་སྤྱི་ཚོགས་འགན་བཅོལ་དངུལ་བསྐྱལ་བ། ཉེས་དོན་ཉེས་གསོག་གི་ལོ་རྒྱུས་མེད་པ་བཅས)དང་རྨང་གཞིའི་སྟོན་རྟགས་ཁག་2(ཁྲིམས་མཐུན་གྱི་ལས་ཞུགས་བརྟན་པོ་ཡོད་པ་དང་ཁྲིམས་མཐུན་གྱི་སྡོད་གནས་བརྟན་པོ་ཡོད་པ)ལེགས་སྒྲིག་བྱ་རྒྱུ་མིན་པ་དང་། སྟོན་ཕྱོགས་ཀྱི་སྟོན་རྟགས་7(སློབ་གསོའི་རྒྱབ་ལྗོངས་དང་། ལས་ཀ་བྱ་ཡུལ་དང་སྡོད་གནས། གསར་གཏོད་ལས་གཏོད། ཁྲལ་འཇལ། ལོ་གྲངས། གཟི་བརྗིད་གཟེངས་བསྟོད། ཁྲིམས་སྲུང་གི་ཟིན་ཐོ)བཅས་ཁྲོད་ཀྱི་སྟོན་རྟགས་ཁག་6ལ་བཀོལ་སྤྱོད་ཐད་ནས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ་རེད།
    ཞིབ་ཕྲའི་འགྱུར་ལྡོག“321”ལ་བསྡུས་ཡོད་དེ། སྟོན་རྟགས་3ལེགས་སུ་གཏོང་རྒྱུ་དང་། སྟོན་རྟགས་2སྟབས་བདེ་རུ་གཏོང་རྒྱུ། ནང་དོན་རིགས་1ལེགས་སྒྲིག་བྱ་རྒྱུ་བཅས་ཡིན་པ་སྟེ། གཅིག་ནས་སློབ་གསོའི་རྒྱབ་ལྗོངས་དང་། ལས་ཀ་བྱ་ཡུལ་དང་སྡོད་གནས། ལོ་གྲངས་ཀྱི་སྟོན་རྟགས་བཅས་ལེགས་སྒྲིག་བྱ་རྒྱུ་ཡིན་ཞིང་། སློབ་གསོའི་རྒྱབ་ལྗོངས་ཀྱི་སྟོན་རྟགས་ཐད་སློབ་རྒྱུས་སམ་ཡང་ན་སློབ་གནས་ཡོད་པའི་མི་སྣ་ཁོ་ནར་སྐར་མ་སྣོན་པའི་ནང་དོན་མང་དུ་གཏོང་བ་དང་སློབ་གྲྭ་འགྲིམ་རིང་གི་སྤྱི་ཚོགས་འགན་བཅོལ་འཐེན་འཇལ་གྱི་སྒྲིག་སྲོལ་ལེགས་སྒྲིག་བྱས་ནས་སློབ་ཞུགས་དང་ལས་ཞུགས་ཀྱི་འགོ་འཛུགས་ས་དྲང་གཞག་ཡིན་པ་སྔར་བས་མངོན་པར་བྱ་རྒྱུ་དང་། ལས་ཀ་བྱ་ཡུལ་དང་སྡོད་གནས་ཀྱི་སྟོན་རྟགས་ཐད་གཞན་སྒྱུར་མ་བྱས་གོང་གི་ལས་ཞུགས་དང་སྡོད་གནས་ཀྱི་གནས་ཚུལ་ལ་བསམ་བློ་མི་གཏོང་བར་པེ་ཅིང་གྲོང་ཁྱེར་གྱི་ཁུལ་དྲུག་ཕུད་པའི་སྲིད་འཛིན་ཁུལ་གཞན་དུ་སྡོད་གནས་ཡོད་པ(ལས་ཀའམ་ཡང་ན་སྡོད་གནས་ཡོད་པ)མ་ཟད་གཞིས་ཆགས་ཀྱི་ཐོབ་ཐང་རག་རྗེས་རང་ཉིད་སྡོད་སར་གཞིས་ཆགས་མཁན་ལ་སྐར་མ་སྣོན་རྒྱུ། ལོ་གྲངས་ཀྱི་སྟོན་རྟགས་ལེགས་སྒྲིག་བྱེད་པའི་ཐད་རིམ་པ་བཞིན་སྐར་མ་སྣོན་རྒྱུ་ཡིན་པས་ལོ་45ཡན་གྱི་རེ་ཞུ་འབུལ་མཁན་ལ་སྐར་མ་སྣོན་སྐབས་སྟོན་གྲངས་དམའ་རུ་མི་འགྲོ་བ་བྱ་རྒྱུ་བཅས་དང་། གཉིས་ནས་གསར་གཏོད་ལས་གཏོད་དང་ཁྲལ་འཇལ་རིགས་2ཀྱི་སྟོན་རྟགས་སྟབས་བདེ་རུ་གཏོང་རྒྱུ་ཡིན་ཞིང་། གསར་གཏོད་ལས་གཏོད་ཀྱི་སྟོན་རྟགས་ཐད་རེ་ཞུ་འབུལ་མཁན་གྱི་ལས་འགན་ཁུར་བའི་ལོ་གྲངས་དང་གླ་ཕོགས་སོགས་ཐད་ཀྱི་སྐར་སྣོན་ནང་དོན་སྟབས་བདེ་རུ་གཏོང་བ་དང་ཆབས་ཅིག་གྲོང་ཁྱེར་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་། རྐང་དབང་རིགས་ཀྱི་དངུལ་སྨར་དང་མ་རྩ་བསྡུ་སྒྲིལ་ངེས་ཅན་ལྡན་པའི་རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་སམ་ཡང་ན་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གི་རྐང་དབང་ལྡན་པའི་མི་སྣར་སྐར་མ་ངེས་ཅན་སྣོན་རྒྱུ་དང་སྦྲགས་བྱ་དགའི་ནང་དོན་ཁག་གཅིག་ལེགས་སུ་གཏོང་རྒྱུ་དང་། གསུམ་ནས་སྐར་འཕྲིའི་ནང་དོན་ལེགས་སྒྲིག་བྱ་རྒྱུ་ཡིན་ཞིང་། ཁྲལ་འབྲེལ་ཁྲིམས་འགལ་བྱེད་སྤྱོད་དང་སྲིད་འཛིན་བཀར་ཉར་ཆད་གཅོད་ཀྱི་སྐར་འཕྲིའི་ནང་དོན“ཉེ་བའི་ལོ་5”ལ་གཏན་འཁེལ་བྱས་ཏེ་ཁྲིམས་ལས་འགལ་ན་ཚེ་གང་ཉེས་ཆད་གཏོང་རྒྱུ་བཅས་རེད།