འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་1ཉིན།

༄༅༎ཐེ་ལན་གྱི་སྲོལ་རྒྱུན་རིག་གནས་ལས་རིགས་ཀྱིས་རིམས་ནད་མཇུག་འགྲིལ་རྗེས་ཡང་བསྐྱར་སྐྱེ་སྟོབས་འཕེལ་བའི་རེ་བ་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་01ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     “དེ་གོང་ང་ཚོའི་ཟློས་གར་ཚོགས་པ་རྟག་ཏུ་ཚོང་དོན་འཁྲབ་སྟོན་ལ་ཞུགས་ཀྱི་ཡོད། འོན་ཀྱང་རིམས་ནད་ཐོན་རྗེས་ཟློས་གར་ཚོགས་པའི་རྒྱུན་གཏན་གྱི་གཉེར་སྐྱོང་བྱེད་ཐབས་བྲལ་སོང”ཞེས་ཐེ་ལན་གྱི་ཁུང་པང་ལོན་ཤིང་གི་ཨ་ལད་པད་ཀོག་་ཟློས་གར་ཚོགས་པའི་ཚོགས་གཙོ་སཱ་ཤིས་ཕི་མོང་གིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་འུ་ཐུག་པའི་ངང་དེ་ལྟར་བརྗོད་པ་རེད།
     འདི་ལོ་ནི་སཱ་ཤིས་ཕི་མོང་དང་ཁོང་གི་མི་བཅུ་ཡང་མ་ཟིན་པའི་ཤིང་གི་ཨ་ལད་པད་ཀོག་ཟློས་གར་ཚོགས་པས་པང་ཁོག་གི་ཐུན་ཝུའུ་ལི་ཆུས་ཀྱི“སྒྱུ་རྩལ་གྱི་ཁྱིམ་གཞིས”སུ་འཁྲབ་སྟོན་བྱས་ནས་ལོ་བཅུ་འཁོར་གྱི་ཡོད། ཟློས་གར་ཚོགས་པས་ཤིང་གི་ཨ་ལད་པད་ཀོག་ཟློས་གར་ལ་དགའ་ཞེན་ཆེ་བའི་ཕྲུ་གུ་ཚོར་རིན་མེད་ངང་ཤིང་གི་ཨ་ལད་པད་ཀོག་ཟློས་གར་འཁྲབ་རྩལ་སློབ་ཀྱི་ཡོད། ལོ་བཅུ་མཐའ་འཁྱོངས་ཐུབ་དོན་ནི་ཟློས་གར་ཚོགས་པའི་ཁོངས་མིས་སྲོལ་རྒྱུན་གྱི་སྒྱུ་རྩལ་འདིར་དགའ་ཞེན་དང་རྒྱུན་འཛིན་བྱེད་སེམས་ཡོད་པས་རེད། འོན་ཀྱང་ཏོག་གསར་རིམས་ནད་རྐྱེན་གྱིས་ཟློས་གར་འཁྲབ་མཚམས་མི་འཇོག་ཀ་མེད་དུ་གྱུར་པ་མ་ཟད། ཟློས་གར་ཚོགས་པའི་ཁོངས་མི་ཚོའི་འཚོ་བར་ཡང་དཀའ་ངལ་ཆེན་པོ་ཕྲད་ཡོད།
     ཟླ་ལྔ་པའི་ཟླ་དཀྱིལ་དུ་ཐེ་ལན་སྲིད་གཞུང་གིས་རེས་སྐོར་གཉིས་པའི་བཀག་རྒྱ་གློད་པའི་བྱེད་ཐབས་ཁྱབ་བསྒྲགས་བྱས་པ་དང་བསྟུན་ནས། “སྒྱུ་རྩལ་གྱི་ཁྱིམ་གཞིས”ཀྱང་ཟླ་བ་གཉིས་ཙམ་བཀག་རྒྱ་བསྡམས་རྗེས་ཡང་བསྐྱར་སྒོ་འབྱེད་ཐུབ་པ་རེད། སཱ་ཤིས་ཕི་མོང་གིས་ད་དུང་འཁྲབ་སྟོན་སླར་གསོ་ཐུབ་མེད་པའི་ཟློས་གར་ཁང་དུ་བསྐྱོད་ནས་རང་ཉིད་ཀྱིས་བརྩེ་ཤོས་བྱེད་ས་ཚང་མར་བལྟས་ནས་ཞེན་ཆགས་ཆེན་པོ་བྱེད། “འདི་ག་ཧ་ཅང་དྲན་པོ་བྱུང་། རྒྱུན་གཏན་བཞིན་སླར་གསོ་ཐུབ་ན་ང་ཚོས་མུ་མཐུད་འཁྲབ་སྟོན་བྱེད་པར་ཡོང་བ་མ་ཟད། ད་དུང་ཕྲུ་གུར་ཤིང་གི་ཨ་ལད་པད་ཀོག་ཟློས་གར་འཁྲབ་རྩལ་སློབ་ཀྱི་ཡིན། སྐབས་དེ་དུས་སྔོན་མ་བཞིན་དགའ་སྤྲོའི་རྣམ་པས་ཁེངས་པའི་རེ་བ་ཡོད”ཅེས་བཤད།
     དོ་ཁུར་བྱེད་མཁན་དེ་ཙམ་མེད་པའི་ཐེ་ལན་གྱི་ཤིང་གི་ཨ་ལད་པད་ཀོག་ཟློས་གར་དང་བསྡུར་ན་ཐེ་ལན་གྱི་སྲོལ་རྒྱུན་ཞབས་བྲོའི་རིག་གནས་ཀྱི་འཐུས་ཚབ་ཏུ་གྲགས་པའི་ཁུང་ཟློས་གར་ཚང་མས་ཤེས་གསལ་རེད། 2018ལོར་ཐེ་ལན་གྱི་ཁུང་ཟློས་གར་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་གཞུང་དུ་དངོས་སུ་བཅུག་པ་རེད།
     པང་ཁོག་ཏུ་གནས་པའི་གོང་མ་ཚང་ཟློས་གར་ཁང་ནི་ས་གནས་དེ་གའི་སྐད་གྲགས་ཆེ་ཤོས་ཀྱི་ཁུང་ཟློས་གར་འཁྲབ་སྟོན་ཁང་ཡིན་ཞིང་། ས་གནས་དེ་གའི་ཁུང་ཟློས་གར་ལ་དགའ་པོ་ཡོད་མཁན་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
     ཟློས་གར་ཁང་དེའི་ལས་དོན་མི་སྣས་རིམས་ནད་རིང་ཁུང་ཟློས་གར་ཁང་གི་འཁྲབ་སྟོན་པ་ཚོས་པར་ལེན་གྱི་ལས་དོན་ཁག་གཅིག་བསྒྲུབས་ནས་ཁུང་ཟློས་གར་འཁྲབ་སྟོན་གར་སྟེགས་ནས་བརྙན་ཤེལ་དུ་སྟོན་ཐབས་བྱས་ཡོད། འོན་ཀྱང་ཚང་མས་གང་མགྱོགས་རྒྱུན་གཏན་བཞིན་སླར་གསོ་ཐུབ་ནས་གར་སྟེགས་ཐོག་བསྐྱོད་དེ་གཟིགས་མོ་བ་ཚོར་ས་ཆ་དངོས་སུ་འཁྲབ་སྟོན་སླར་གསོ་ཐུབ་རེ་བྱེད་ཀྱི་ཡོད།