འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་1ཉིན།

༄༅།།ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱིས་སྲ་གཟུགས་སྐྱེལ་འདྲེན་མེ་ཤུགས་འཕུར་
མདའ་བདེ་བླག་ངང་འཕེན་གཏོང་ཐོག་མར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་01ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་30ཉིན་གྱི་ཆུ་ཚོད་4དང་སྐར་མ་13ཙམ་ལ་རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་བཅུ་གཅིག་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ“འཕུར་མདའ་གཅིག་དང་སྲུང་སྐར་གཉིས”ཀྱི་ཐབས་ལ་བརྟེན་ནས་ལག་རྩལ་གསར་པའི་ཚོད་ལྟའི་སྲུང་སྐར་Gདང་Hའཕེན་གཏོང་བྱས་པ་དང་སྲུང་སྐར་བདེ་བླག་ངང་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་འབྱོར་ནས་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་རེད།
    ལག་རྩལ་གསར་པའི་ཚོད་ལྟའི་སྲུང་སྐར་Gདང་Hགཉིས་ནི་གཙོ་བོ་འཁོར་ལམ་ཐོག་ས་ངོས་ལྟ་ཞིབ་ལག་རྩལ་གྱི་ཚོད་ལྟ་གསར་པ་བྱ་ཆེད་སྤྱོད་རྒྱུ་ཡིན་པ་རེད། ད་རེས་ཀྱི་ལས་འགན་ནི་རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་ཐེངས་332པ་ཡིན་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། རྒྱང་སྐྱོད་ཨང་བཅུ་གཅིག་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ནི་རྒྱང་སྐྱོད་རྟགས་ཅན་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ཁྲོད་ཀྱི་སྲ་གཟུགས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་གཅིག་པུ་དེ་ཡིན་པ་དང་། འཕེན་གཏོང་བྱ་ཡུལ་མི་འདྲ་བ་དང་།  མཚོ་ཐོག སྐམ་ས་བཅས་ནས་འཕེན་གཏོང་བྱེད་ཆོག་གི་ཡོད་པ་རེད། 2015ལོའི་ཟླ་9པར་ཐོག་མར་འཕུར་བ་ནས་ད་བར་རྒྱང་སྐྱོད་ཨང་བཅུ་གཅིག་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་སྲུང་སྐར་39རྒྱུན་མཐུད་དེ་ཐེངས་དགུ་བར་སྣང་དུ་བདེ་བླག་ངང་བསྐྱལ་བ་དང་། ཞིབ་ཚད་མཐོ་བའི་སྒོ་ནས་འཁོར་ལམ་དུ་རྒྱུན་མཐུད་ཐེངས་9འཛུལ་བ། ནོར་འཛོལ་གཅིག་ཀྱང་མེད་པར་དུས་ཐོག་ཏུ་འཕེན་གཏོང་བཅས་བྱས་པ་ལས་མེ་ཤུགས་འཕུར་མདའ་དེའི་བློས་འགེལ་ཆོག་པ་དང་། ལས་འགན་དང་འཚམ་ནུས་ཆེ་བ། སྣ་མང་ཅན་བཅས་ཀྱི་འཕེན་གཏོང་ནུས་པ་ཆེན་པོ་གང་ལེགས་མངོན་ཡོད་པ་རེད།
དེ་གོང་གི་འཕེན་གཏོང་ལས་འགན་དང་བསྡུར་ན་ད་ཐེངས་ཀྱི་འཕེན་གཏོང་ལས་འགན་ལ་ཚད་བརྒལ་གསུམ་བྱུང་བ་སྟེ། ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་མཁྲེགས་གཟུགས་མེ་ཤུགས་འཕུར་མདའ་འཕེན་གཏོང་གི་ལས་འགན་ལེགས་གྲུབ་ཐོག་མར་བྱས་པ་དང་། ཞེང་ཚད་སྨི་2ཀྱི་འགོག་སྲུང་ཕྱི་ཤུབས་ཐོག་མར་སྤྱད་པ། ཆ་འཕྲིན་ཅན་གྱི་འཕེན་གཏོང་ལས་སྟེགས་གསར་རྐྱང་ནས་ཐོག་མར་འཕེན་གཏོང་བྱས་པ་བཅས་རེད།