འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་29ཉིན།

༄༅༎སྤྱི་བདེ་པུའི་དངོས་དཔང་གསལ་འབྱེད་ལྟེ་གནས་ཨ་རིའི་ཚོང་དོན་པུས་ཕྱིར་གཏོང་ཚོད་འཛིན་དོ་དམ་གྱི་
དངོས་གཞིའི་གསལ་ཐོའི་ནང་བཅུག་པའི་ཐད་གསལ་བསྒྲགས་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་29ཉིན། 11:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། སྤྱི་བདེ་པུའུ་ཡི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཨ་རིའི་ཚོང་དོན་པུས་སྤྱི་བདེ་པུའི་དངོས་དཔང་གསལ་འབྱེད་ལྟེ་གནས་ཕྱིར་གཏོང་ཚོད་འཛིན་དོ་དམ་གྱི་དངོས་གཞིའི་གསལ་ཐོའི་ནང་འཇུག་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། སྤྱི་བདེ་པུའུ་ཡི་དངོས་དཔང་གསལ་འབྱེད་ལྟེ་གནས་ཀྱིས་དེའི་ཐད་གསལ་བསྒྲགས་སྤེལ་ནས། ཧ་ཅང་ཡི་མི་རང་བའི་རྣམ་འགྱུར་སྟོན་རྒྱུ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཨ་རིའི་ཚོང་དོན་པུས་འབྲེལ་ཡོད་ནོར་འཁྲུལ་གྱི་གཏན་འབེབས་འཕྲལ་དུ་ཕྱིར་འཐེན་བྱེད་དགོས་པའི་སྐུལ་མ་བཏང་བ་རེད།
     གསལ་བསྒྲགས་ནང་། སྤྱི་བདེ་པུའི་དངོས་དཔང་གསལ་འབྱེད་ལྟེ་གནས་ནི་ཁྲིམས་རའི་ཚན་རིག་སྒྲིག་གཞིའི་ཁོངས་སུ་གཏོགས་ལ། རང་རྒྱལ་གྱི་གྱོད་གཞི་གལ་ཆེན་གྱི་ཡུལ་དངོས་ཀྱི་རྩད་ཞིབ་དང་། དངོས་དཔང་གསལ་འབྱེད། ཚན་རྩལ་ཞིབ་འཇུག་སོགས་ཀྱི་ལས་འགན་འཁུར་གྱི་ཡོད་ཅིང་། ཉེས་གསོག་གི་དོན་དངོས་ངོས་འཛིན་དང་ཁྲིམས་རར་འདྲི་གཅོད་བྱེད་པར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་འདོན་སྤྲོད་བྱེད་ཀྱི་ཡོད། ལོ་མང་རིང་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་པའི་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད་པས། རྒྱལ་སྤྱིའི་ལས་རིགས་གཅིག་པའི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད། ཤིན་ཅང་དང་འབྲེལ་བ་ཡོད་པའི་གནད་དོན་ཞེས་པ་ནི་འགྲོ་བ་མིའི་ཐོབ་ཐང་དང་། མི་རིགས། ཆོས་ལུགས་བཅས་ཀྱི་གནད་དོན་ཞིག་གཏན་ནས་མིན་པར་གཏུམ་སྤྱོད་འཇིགས་སྐུལ་ལ་ངོ་རྒོལ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་གནད་དོན་ཞིག་རེད། ཤིན་ཅང་གི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས་རྒྱལ་ཁབ་སུ་ཞིག་གིས་ཀྱང་ཐེ་གཏོགས་བྱེད་མི་ཆོག ཨ་རིའི་འབྲེལ་ཡོད་སྡེ་ཚན་གྱིས་དོན་དངོས་སྣང་མེད་དུ་བཏང་ནས། དེའི་རྒྱལ་ནང་གི་བཅའ་ཁྲིམས་ལ་གཞིགས་ནས་ཁྲིམས་རའི་ཚན་རིག་སྒྲིག་གཞི་ཚུད་པའི་ཀྲུང་གོའི་དངོས་ཚན་ལ་ཕྱོགས་རྐྱང་པའི་བཀག་སྡོམ་བྱས་པ་དེས་འབྲེལ་ཡོད་ཀྲུང་གོའི་སྒྲིག་གཞི་དང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་ཅན་མེད་པར་བཟོ་བའི་འབད་བརྩོན་ལ་གཏོར་བཤིག་ཚབས་ཆེན་བཏང་བས། མཐར་རང་གཞན་གཉིས་ཀར་གནོད་རྒྱུ་རེད་ཅེས་བརྗོད་ཡོད།
     གསལ་བསྒྲགས་ནང་། ཁྲིམས་རའི་ཚན་རིག་ནི་རྒྱལ་སྤྱིའི་ཐོག་ཐུན་མོང་དུ་སྤྱོད་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ལག་རྩལ་གྱི་བྱེད་ཐབས་ཤིག་ཡིན་ལ་རྒྱལ་ཁབ་ཁག་གི་ཉེན་རྟོག་པས་དྲང་གཞག་དང་ཚུལ་མཐུན་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན་ཞེས་བརྗོད་ཡོད་ཅིང་། སྤྱི་བདེ་པུའི་དངོས་དཔང་གསལ་འབྱེད་ལྟེ་གནས་ཀྱིས་བློ་བརྟན་འགྱུར་མེད་ངང་ཉེས་དོན་ཚན་རིག་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་མུ་མཐུད་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་རྒྱལ་སྤྱིའི་ཁྲིམས་འཛིན་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།