འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་29ཉིན།

༄༅།།རི་གྲོང་གང་སར་མྱུལ་ནས་རེ་བའི་འོད་སྣང་བསྩལ། ལེ་དབར་ཁྲི་ལ་བསྐྱོད་ནས་དབུལ་སྒྲོལ་རོགས་རམ་བྱེད།

—— རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲོའུ་ཧྥུང་ལིང་གི་འགན་སྒྲུབ་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་29ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   “དྲ་ཐོག་ཚོང་དོན་གྱི་ལས་སྟེགས་ནང་འདྲེན་ཧུར་ཐག་བྱས་ཏེ། ཁྱད་ལྡན་ཞིང་ཞོར་ཐོན་ཟོག་གི་ཆ་འཕྲིན་མཛོད་འཛུགས་པ་དང་ཁྱབ་གདལ་གཏོང་བ”དང་། “དྲ་སྦྲེལ+ཞིང་ལས་ཀྱི་བྱེད་ཐབས་སྤྱད་ནས་དྲ་ཐོག་ཏུ་ཚོང་གཉེར་བྱེད་པ”“‘ཚོང་ཟོག་སྐུལ་ཁྲིད’ཐད་གཏོང་གི་བྱེད་ཐབས་ལ་བརྟེན་ནས་ཚོང་ཟོག་གི་མིང་གྲགས་ཆེ་རུ་གཏོང་བ”སོགས་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མེ་ཤུགས་འཕུར་མདའི་དམག་གི་ཐོན་ཤོག་ཅིག་གི་རིམ་པ་གཉིས་པའི་ཅུན་ཧྲི་ཀྲང་ཀྲོའུ་ཧྥུང་ལིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་ཇི་ལྟར་ཡོང་བར་བསམ་བློ་མང་པོ་བཏང་ནས་བཏོན་པའི་ཐབས་ཤེས་མི་འདྲ་བ་ཁག་གཅིག་རེད།
    ལོ་མང་རིང་ཀྲོའུ་ཧྥུང་ལིང་གི་ཕ་ལ་གྲུམ་བུའི་ནད་ཕོག་པ་དང་། ཨོག་རྨེན་གྱི་འབྲས་སྐྲན་ཕོག་སྟབས་ཁྱིམ་ཚང་དབུལ་པོར་གྱུར་པ་དང་། ཀྲོའུ་ཧྥུང་ལིང་རང་ཉིད་སློབ་སྦྱོང་གི་སྦྱངས་འབྲས་ལེགས་པོ་ཡོད་ཀྱང་། ཁྱིམ་ཚང་གི་འཁོས་ཀ་ཞན་པའི་རྐྱེན་གྱིས་སློབ་མཚམས་མི་འཇོག་ཀ་མེད་ཐུག་པ་སོགས་མྱོང་བ་དེ་དག་གིས་ཁོང་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་པའི་ངོས་འཛིན་ཧ་ཅང་ཟབ་མོ་ཡོད་པ་རེད།
    “མི་དམངས་ཀྱི་བུ་ཕྲུག་དམག་ཅིག་གི་ངོས་ནས་མི་དམངས་དམག་དཔུང་གི་ངོ་བོའི་དམིགས་ཡུལ་སྔར་བས་ལག་ལེན་བསྟར་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་ལ་རང་ཉིད་ཀྱི་ནུས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་ཀྲོའུ་ཧྥུང་ལིང་གིས་བཤད། ལོ་དེ་དག་རིང་། ཁོང་གིས་སྤུན་ཉེ་ཐུག་འཕྲད་དང་འཁོར་ཞག་སོགས་ཀྱི་སྐབས་སུ་ཧུའུ་ནན་དང་། ཀུའེ་ཀྲོའུ། མཚོ་སྔོན། སི་ཁྲོན་སོགས་ཀྱི་ས་ཆར་སྔ་རྗེས་སུ་བསྐྱོད་དེ་དབུལ་སྐྱོར་ལས་དོན་སྤེལ་རོགས་བྱས་ནས་རང་ཉིད་ཀྱི་བྱས་རྗེས་གྲོང་སྡེ་ཚང་མར་བཞག་ཡོད།
    2004ལོའི་ཟླ་དགུ་པ་ནས་བཟུང་། ཁོང་གིས་སློབ་མ་དབུལ་པོར་རོགས་རམ་བྱེད་འགོ་བཙུགས་ཏེ། སློབ་མ་དབུལ་པོ་10ལྷག་ལ་རོགས་རམ་བྱས་པས་ཁོ་ཚོ་སློབ་ཆེན་ལ་རྒྱུགས་འཕྲོད།
    བཅའ་སྡོད་བྱ་ཡུལ་ཉེ་འགྲམ་གྱི་གྲངས་ཉུང་མི་རིགས་ཀྱི་འདུས་སྡོད་ཁུལ་ཁག་གཅིག་ལ། འགྲིམ་འགྲུལ་དང་ཆ་འཕྲིན་ཤར་གཏོང་མེད་པའི་རྐྱེན་གྱིས་ཞིང་ཞོར་ཐོན་ཟོག་ཕྱིར་ཚོང་ཐུབ་ཀྱི་མེད་སྟབས། ཁོང་གིས་ས་གནས་ས་ཐོག་ཏུ་བརྟག་དཔྱད་ཞིབ་འཇུག་ཐེངས་མང་བྱས་པ་དང་ས་གནས་སྲིད་གཞུང་དང་ཡུལ་མིར་རང་འགུལ་ངང་ཐད་འབྲེལ་ཁ་པར་ནས་འབྲེལ་བ་བྱས་ཏེ་དོན་དངོས་ཀྱི་དཀའ་ངལ་སེལ་བའི་ལས་ལ་གཞོལ།
    ལོ་དེ་དག་གི་རིང་། ཀྲོའུ་ཧྥུང་ལིང་གིས་དབུལ་སྒྲོལ་དཀའ་སེལ་གྱི་མིག་དཔེ་བཏོན་པར་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་སྲིད་བཀུར་དམངས་གཅེས་ཀྱི་དཔེ་བཟང་བ”དང་། “རྒྱལ་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་སྔོན་ཐོན་མི་སྒེར” “དམག་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་གྱི་གུང་ཁྲན་ཏང་མི” “ལེ་ཧྥུང་ལ་སློབ་སྦྱོང་ཞུ་བའི་དམག་ཡོངས་ཀྱི་སྔོན་ཐོན་མི་སྒེར”སོགས་ལ་བདམས།
    “དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྐྱོར་བྱེད་དགོས། དབུལ་སྒྲོལ་ཡོང་བར་ངེས་པར་དུ་དད་སེམས་བརྟན་པོ་ཞིག་ཆགས་པ་བྱེད་དགོས”ཞེས་ཀྲོའུ་ཧྥུང་ལིང་གིས་རི་ཁུལ་དབུལ་པོར་རྒྱལ་གཅེས་རིང་ལུགས་དང་རྒྱལ་སྲུང་གི་སློབ་གསོ་གཏོང་བར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།