འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་29ཉིན།

༄༅།།རྨ་ཆུ་མཉམ་དུ་བསྲུངས་ནས“བདེ་སྐྱིད་ལྡན་པའི་གཙང་པོ”སྐྲུན་དགོས།

—— ཧོ་ནན་ཚོགས་པའི་འཐུས་མི་དང་ཨུ་ཡོན་ཚོས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་གྲོས་བསྡུར་འཁྲུག་པོ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་29ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད་བཟོས་དགོས”ཞེས་གསལ་པོ་བཏོན་ཡོད། ཧོ་ནན་ཚོགས་པའི་འཐུས་མི་དང་ཨུ་ཡོན་ཚོས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་ཇི་ལྟར་བཏང་སྟེ་དུས་རབས་གསར་པའི“རྨ་ཆུ་མཉམ་དུ་སྲུང”བའི་མདུན་ལྗོངས་བཟང་པོར་གྲོས་བསྡུར་ཧུར་ཐག་བྱས་ནས་འཐབ་འདོན་ཇུས་འདོན་གནང་བ་རེད།
    ལྟེ་བའི་གྲོང་ཁྱེར་གྱི་སྣེ་ཁྲིད་ནུས་པ་འདོན་རྒྱུར་མཐོང་ཆེན་པོ་བྱེད་པ། “ཀྲེང་ཀྲོའུ་ཡིས‘རྨ་ཆུ་མི་དམངས་ལ་ཕན་བདེ་སྐྲུན་མཁན་བདེ་སྐྱིད་ལྡན་པའི་གཙང་པོར་འགྱུར་བར་བྱེད’ཅེས་པའི་ལས་དོན་ཞིང་ཆེན་ཡོངས་ཀྱི་སྔོན་དུ་སྤེལ་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཧོ་ནན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ། ཀྲེང་ཀྲོའུ་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཤིན་ཝེ་ཡིས་དེ་ལྟར་ངོ་སྤྲོད་གནང་བ་དང་། ཁོང་གིས་ཀྲེང་ཀྲོའུ་ཡིས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ཀྱི་ལྟེ་བའི་དཔེ་སྟོན་ཁུལ་འཛུགས་བསྐྲུན་ལ་གཞིགས་ནས་འཛུགས་སྐྲུན་གྱི་ཇུས་གཞི་རབ་དང་རིམ་པ་བཟོས་པ་དང་། རྨ་ཆུའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དང་རྨ་ཆུའི་རིག་གནས་འཁྲབ་སྟོན་ཕྱོགས་བསྡུས་སོགས་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་ལ་སྐུལ་འདེད་གཏོང་བ། གཙང་པོ་བཅོས་སྐྱོང་དང་། ཆུ་བསྲི། དམངས་ཕན། གྲམ་ཐང་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་བཅས་ལ་དམ་འཛིན་ཡག་པོ་བྱས་ཏེ་རྨ་ཆུའི་ལོ་རྒྱུས་རིག་གནས་ཀྱི་ས་ཁམས་མཚོན་རྟགས་ཀྱི་གྲོང་ཁྱེར་གཙོ་བོ་ཧུར་ཐག་གཏོད་བཞིན་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
    ས་ཁོངས་འཕེལ་རྒྱས་གཏོང་བའི“གྲོང་ཁྱེར་གྱི་སྒུལ་ཤུགས”ལ་མཐོང་ཆེན་བྱེད་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལུའོ་དབྱང་གྲོང་ཁྱེར་གྱི་ཧྲི་ཀྲང་ལིའུ་དབན་ཁང་གིས་ལུའོ་དབྱང་དུ་རྒྱལ་ཁབ་ས་ཁོངས་རང་བཞིན་གྱི་ལྟེ་བའི་གྲོང་ཁྱེར་དང་ཀྲུང་ཡོན་ས་ཁུལ་གྱི་ཡུག་སྦྲེལ་གྲོང་ཚོགས་ཀྱི་ལྟེ་བའི་གྲོང་ཁྱེར་ཕལ་པ་འཛུགས་སྐྲུན་ལ་དམིགས་པ་དང་། ཧོ་ནན་གྱི་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི“སྒུལ་ཤུགས་གསར་པའི”འཕེལ་རྒྱས་ཀྱི་ངེས་གནས་སུ་འགྱུར་བར་དམིགས་པ། རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ཀྱི་སྔོན་ལྟར་ཁུལ་མགྱོགས་མྱུར་སྐྲུན་པ་བཅས་བྱས་ཏེ་ཆུ་བཅོས་ཆུ་སྤེལ་དང་། བཟོ་སྐྲུན་ལས་རིགས་སྤུས་ཚད་ལེགས་པའི་འཕེལ་རྒྱས། རིག་གནས་སྲུང་སྐྱོབ་རྒྱུན་འཛིན། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། ཞིང་ལས་དང་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་སོགས་ཀྱི་བྱ་སྤྱོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་བཞིན་ཡོད་ཅེས་གསུངས་པ་རེད།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ།