འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་28ཉིན།

༄༅།།མི་དམངས་དྲ་བའི་དཔྱད་གཏམ། སླར་ཡང་ཇོ་རིར་འཛེགས་པ་ལས་ཀྲུང་གོ་བའི་སྙིང་སྟོབས་མངོན་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་28ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་27ཉིན་གྱི་སྔ་དྲོའི་ཆུ་ཚོད་11ཐོག 2020ལོའི་ཇོ་མོ་གླང་མའི་མཐོ་ཚད་ཚད་འཇལ་རི་འཛེག་རུ་ཁག་རྒྱལ་ཁའི་ངང་རི་རྩེར་འཛེགས་པ་རེད། རི་རྩེར་འཛེགས་པའི་གཏམ་བཟང་སྒྲོག་སྐབས་རྒྱལ་དམངས་ཡོངས་སྤྲོ་སེམས་ཀྱིས་ཁེངས།
  ཟླ་4ཚེས་30ཉིན་གྱི་ཕྱི་དྲོ་ནས་བཟུང་། 2020ལོའི་ཇོ་མོ་གླང་མའི་མཐོ་ཚད་ཚད་འཇལ་རུ་ཁག་གིས་དངོས་སུ་ཚད་འཇལ་བྱེད་འགོ་བརྩམས་ཡོད་པ་དང་། ཟླ་5ཚེས་6ཉིན། ཇོ་མོ་གླང་མའི་མཐོ་ཚད་ཚད་འཇལ་རུ་ཁག་དངོས་སུ་རྡོག་ཐོན་བྱས་ནས་ཟླ་5ཚེས་27ཉིན་རི་རྩེར་རྒྱལ་ཁའི་ངང་འཛེགས་ཐུབ་ཡོད། དུས་ཡུན་ཟླ་བ་གཅིག་ལ་ཉེ་བའི་རིང་།  འཕྲལ་རྒོལ་ཐེངས་གསུམ་བྱས་པ་བརྒྱུད། རུ་འཛེག་རུ་མི་8ཀྱིས་འཛམ་གླིང་གི་རྩེ་མོར་འཛེགས་ནས། སྤོབས་སེམས་ཀྱི་བསམ་པ་འཕྱུར་བར་བྱས་ཡོད་།
    ཇོ་རི་གླེང་དུས། ཀྲུང་གོ་བ་མང་པོའི་སེམས་ནང་ཐོག་མར་སྨི་8848འཁོར་གྱི་ཡོད། དོན་དངོས་སུ། དེ་ནི་1975ལོའི་གྲངས་ཀ་ཙམ་རེད། 2005ལོར། ཇོ་མོ་གླང་མའི་མཐོ་ཚད་སྨི་8844.43བར་འགྱུར་བཟོ་བྱས་ཡོད། ཇོ་རིའི་མཐོ་ཚད་ཚད་འཇལ་ནི་ཐིག་ལེན་རིས་འབྲིའི་ལག་རྩལ་གྱི་གཞི་ཁྱོན་ཆེ་བའི་འདུས་གྲུབ་ཐེངས་ཤིག་ཡིན་པ་དང་། རྙོག་འཛིང་རང་བཞིན་དང་དཀའ་ཚེགས་རང་བཞིན་ནི་བཤད་མི་དགོས་པ་ཞིག་རེད། ཐེངས་འདིར་ཞིབ་ཕྲའི་ངང་ཇོ་རིའི་མཐོ་ཚད་འཇལ་ཡོད་ལ། སྲུང་སྐར་GNSSཡི་ཚད་འཇལ་དང་། ཞིབ་ཚགས་ཚད་གཞིའི་ཚད་འཇལ། འོད་གློག་གི་བར་ཐག་འཇལ་བ། ལེ་ཏའི་གངས་གཏིང་ཚད་འཇལ། འཐེན་ཤུགས་ཚད་འཇལ། གནམ་དཔྱད་ཚད་འཇལ། སྲུང་སྐར་རྒྱང་ཚོར་སོགས་སྲོལ་རྒྱུན་དང་དེང་རབས་ཚད་འཇལ་ལག་རྩལ་སྣ་མང་ཕྱོགས་བསྡུས་ངང་བེད་སྤྱོད་བྱས་ཡོད་པས། རང་རྒྱལ་གྱི་ཐིག་ལེན་རིས་འབྲིའི་ཚན་རྩལ་ཆུ་ཚད་ལ་སླར་ཡང་ཉམས་ཚོད་ཐེངས་ཤིག་བླངས་ཡོད་པ་རེད།
   མཐོ་ཚད་ཡང་ནས་ཡང་དུ་འཇལ་དགོས་དོན་གང་ཡིན་ནམ། ཇོ་རིའི་མཐོ་ཚད་དེ་འདྲའི་གལ་ཆེན་པོ་ཡིན་ནམ། ཇོ་རིའི་མཐོ་ཚད་འཇལ་བ་ནས་གང་ཞིག་མཚོན་གྱི་ཡོད་དམ།
   ཕྱི་རོལ་ཡུལ་གྱི་དོན་དངོས་ནས་བཤད་ན། ཇོ་རི་ནི་ལོ་རེར་ཧའོ་སྨི་4.4ཡི་མྱུར་ཚད་ཐོག་ནས་རིམ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད། 2015ལོའི་ཟླ་5པའི་ནེ་པ་ལའི་ས་ཡོམ་ཆེན་པོས་ཚད་གཞི་ངེས་ཅན་གྱི་ཐོག་ནས་ཇོ་རིའི་མཐོ་ཚད་ལ་ཤུགས་རྐྱེན་ཐེབས་ཡོད། ཚད་རྩལ་གྱི་དོན་དངོས་ནས་བཤད་ན། ཇོ་རིའི་ཚད་འཇལ་ལག་རྩལ་ལ་མཆོང་སྐྱོད་ཆེན་པོ་བྱུང་ཡོད། ལག་རྩལ་གསར་པ་ལས་ཇོ་རིའི་མཐོ་ཚད་ཚད་འཇལ་གྱི་ཞིབ་ཚགས་ཚད་ཇེ་མཐོར་མངོན་གསལ་ཕྱིན་ཡོད། ཐེངས་འདིའི་ཇོ་རིར་སླར་ཡང་མཐོ་ཚད་འཇལ་བ་ནི་དངོས་ཡོད་ཀྱི་ཐག་ཆོད་ཅིག་དང་། མིའི་རིགས་ཀྱིས་རང་བྱུང་ཁམས་ལ་རྗེས་དཔག་འཚོལ་ཞིབ་བྱེད་པའི་ཚན་རིག་གི་སྙིང་སྟོབས་མཚོན་ཚུལ་ཞིག་ཀྱང་རེད་ལ། རྒྱལ་ཡོངས་མི་དམངས་ལ་གསོན་ཉམས་ལྡན་པའི་ཚན་རྩལ་ཁྱབ་སྤེལ་གྱི་སློབ་ཚན་ཞིག་འཁྲིད་པའང་རེད།  
   དུས་མཚུངས་སུ། ང་ཚོས་ངེས་པར་དུ་མཐོང་ཐུབ་པ་ནི། གོ་ལ་ཧྲིལ་པོའི་རི་བོ་མཐོ་ཤོས་ཤིག་ཡིན་པའི་ངོས་ནས། ཇོ་རིའི་མཐོ་ཚད་གསར་དུ་གཏན་འཁེལ་བྱེད་པ་ནི། ཀྲུང་གོ་བའི་དཀའ་ཉེན་ལ་མི་སྐྲག་པར་མཐོ་སར་འཛེགས་ཕོད་པའི་མཚོན་ཚུལ་ཞིག་དང་། ཀྲུང་གོའི་སྟོབས་ཤུགས། ཀྲུང་གོའི་སྙིང་སྟོབས་བཅས་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པའང་རེད། 
   “རྒྱལ་ཁབ་ཀྱི་ཆེད་དུ་རི་རྩེར་འཛེགས་ནས་ས་ཆ་སོར་གང་ཡང་མི་གློད།” “མི་སུས་ཀྱང་ང་ཚོའི་སྐེ་བཙིར་རྒྱུ་རེ་བ་མ་བྱེད། ཀྲུང་གོ་མི་དམངས་ཀྱིས་ལ་རྒྱ་བརྩོན་ལེན་བྱས་ནས་རི་རྩེར་འཛེགས་ཏེ་རྒྱལ་ཁབ་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱེད་ཡོད།”   ལོ་ངོ་60ཡི་སྔོན། ཀྲུང་གོའི་རི་འཛེག་རུ་མིས་ཚེ་སྲོག་བློས་བཏང་ནས། ཕྱི་རྒྱལ་གྱི་རི་འཛེག་མཁན་གྱིས་“བྱ་བྱེའུ་ཡང་འཕུར་མི་ཐུབ”ཞེས་བརྗོད་པའི“འཆི་ལམ”བརྒལ་ཏེ་མིའི་རིགས་ཀྱིས་ཐེངས་དང་པོར་ཇོ་རིའི་བྱང་ཕྱོགས་ནས་རི་རྩེར་འཛེགས་ཏེ་ལེགས་འགྲུབ་དཀའ་བའི་ལས་འགན་ལེགས་འགྲུབ་བྱས་ཡོད། ཐེངས་དེའི་རི་རྩེར་འཛེགས་པ་དེར་རྒྱལ་སྤྱིའི་ཁས་ལེན་ཐོབ་མེད་ཀྱང་། ཀྲུང་གོ་བ་ནམ་ཡང་དཔའ་ཞུམ་མི་སྲིད། 1975ལོར། ཀྲུང་གོའི་རི་འཛེག་མཁན་སླར་ཡང་བྱང་ཕྱོགས་ནས་རི་རྩེར་འཛེགས་ཏེ། ཐེངས་དང་པོར་ལྟ་འཇལ་བཙུགས་རྟགས་ཇོ་རིའི་ཐོག་འཁྱེར་བ་རེད། དེ་ནས་བཟུང་། སྨི་8848.13ཞེས་པའི་གྲངས་ཀ་དེས་འཛམ་གླིང་ལ་ལོ་30རིང་བག་ཆགས་བཞག་ཡོད།
   དེ་རིང་། རི་འཛེག་མཁན་8སླར་ཡང་རི་རྩེར་འཛེགས་སྐབས་དང་། ང་ཚོས་སྨི་6000ལྷག་གི་མཐོ་ཚད་ཐོག་5Gསྦྲེལ་ཚུགས་བཙུགས་སྐབས། རྒྱལ་ནང་ནས་ཐོན་པའི་ཐོན་རྫས་ཐིག་ལེན་རིས་འབྲིའི་དཔྱད་ཆས་སྒྲིག་ཆས་ཀྱིས་ཁྱོན་ཡོངས་ནས་ཚད་འཇལ་ལས་འགན་འཁུར་སྐབས་བཅས་དང་དེ་ནས་སླར་ཡང་ང་ཚོས་ཇོ་མོ་གླང་མར་འཛེགས་ནས་ལོ་ངོ་60ཡི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱི་བལྟ་བྱེད་སྐབས། ཤུལ་བཞག་གི་རྐང་རྗེས་རེ་རེ་ནི་ཆེས་མཛེས་སྡུག་ལྡན་པའི་མཛེས་ལྗོངས་དང་། མཁའ་ལ་འཕྱུར་བཞིན་པ་ནི་མཐའ་ཡས་པའི་གཟི་བརྗིད་དང་སྤོབས་སེམས་ཡིན།  
  རི་མཐོ་ན་ཞེད་དགོས་མེད། འཛེགས་ན་ཆོག ཀྲུང་གོ་བས་ཇོ་མོ་གླང་མར་འཛེགས་པའི་བརྒྱུད་རིམ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན། ཀྲུང་གོ་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱེད་པའི་མཚོན་རྟགས་ཤིག་ཡིན་ལ། ང་ཚོས་ཡང་ནས་ཡང་དུ་རླུང་འཚུབ་དང་འགྲན་རྩོད་ལ་ཁ་གཏད་འཇལ་བ་ཞིག་དང་།  ང་ཚོས་ཡང་ནས་ཡང་དུ་མཐར་སོན་ལ་གདོང་མཆོང་བྱས་པ་ཞིག་ཡིན། ཀྲུང་གོའི་སྟོབས་ཤུགས་དང་ཀྲུང་གོའི་སྙིང་སྟོབས་ཡོད་ན།  ཇི་ཙམ་མཐོ་བའི་རི་བོ་ཡིན་ནའང་ང་ཚོ་རི་རྩེར་འཛེགས་ཐུབ་ལ། ཇི་ཙམ་སྒྲོལ་དཀའ་བའི་བཀག་རྒྱ་ཡིནའང་ང་ཚོས་སྒྲོལ་ཐུབ།