འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་28ཉིན།

༄༅༎དབྱང་ཁེ་ཉིང་གིས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི“སྤུས་ཚད”སྔར་བས་ཆེ་རུ་གཏོང་དགོས་ཞེས་བརྗོད་པ།

—— རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རྔ་པ་ཁུལ་གྱི་ཁུལ་དཔོན་ལ་ཆེད་དོན་བཅར་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་28ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདབ་ཆགས་ཀྱིས་རྩྭ་ཐང་ཐོག་ཟས་འཚོལ་བཞིན་ཡོད་པ།
འདབ་ཆགས་ཀྱིས་རྩྭ་ཐང་ཐོག་ཟས་འཚོལ་བཞིན་ཡོད་པ།
     མི་དམངས་དྲ་བའི་འཕྲིན། རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད་ལ། དེ་ནི་རྒྱལ་ཡོངས་ཀྱི་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཅིག་པུ་དེ་ཡིན་པ་དང་། དམར་དམག་རྒྱང་སྐྱོད་སྐབས་ཀྱི“གངས་རི་བརྒལ་བ་དང་རྩྭ་ཐང་བརྒལ་བའི”གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་ཞིག་ཡིན་ཞིང་། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་དང་ཆུ་རྩ་གསོ་འཁྱོངས་ཁུལ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཡོངས་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཡང་ཡིན། དབུལ་སྒྲོལ་འགག་སྒྲོལ་དང་། སྣོད་བཅུད་སྲུང་སྐྱོང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་བཅས་ནི་རྔ་པའི་ངོས་ནས་བརྗོད་ན་ཐུན་མོང་མ་ཡིན་པའི་དོན་སྙིང་ལྡན་པ་ཡོད། ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་མི་དམངས་དྲ་བས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་དབྱང་ཁེ་ཉིང་ལ་ཆེད་དོན་བཅར་འདྲི་བྱས་པ་ཡིན།  
     མི་དམངས་དྲ་བའི་དྲི་བ། ད་ཐེངས་ཀྱི་སྲིད་གཞུང་ལས་དོན་སྙན་སྒྲོན་ནང་དབུལ་སྒྲོལ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་ངེས་པར་དུ་ལེགས་འགྲུབ་བྱེད་དགོས་པའི་ལས་འགན་ཞིག་ཡིན་པས། ད་ལྟ་ལག་བསྟར་བྱེད་བཞིན་པའི་དབུལ་སྒྲོལ་ཚད་གཞི་མཐའ་འཁྱོངས་བྱས་པ་དང་དབུལ་སྐྱོར་བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས། མི་འབོར་དབུལ་པོ་ལྷག་མ་ཚང་མ་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱས་ནས་དབུལ་པོ་བསྐྱར་ལོག་གི་མི་འབོར་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དང་ལག་བསྟར་ཡག་པོ་བྱས་ཏེ། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཞེས་བཏོན་ཡོད། རྔ་པ་ཁུལ་ནི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲུབ་ཆ་ཞིག་ཡིན་པའི་ངོས་ནས་མིག་སྔར་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཕན་འབྲས་ཇི་འདྲ་ཐོབ་ཡོད་དམ། དབུལ་སྒྲོལ་གྱི་གྲུབ་འབྲས་ཇི་ལྟར་སྲ་བརྟན་དང་མཐོ་རུ་གཏོང་རྒྱུ་ཡིན་ནམ།
     དབྱང་ཁེ་ཉིང་གི་ལན། ཉེ་བའི་ལོ་ཤས་རིང་། རྔ་པ་ཁུལ་ཡིས་དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་དང་། ཀྲུང་དབྱང་དང་སི་ཁྲོན་ཞིང་ཨུད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་དམིགས་ནས། གནད་སྨིན་ཐབས་ཇུས་ལག་བསྟར་བྱས་ཡོད་པ་དང་། ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)13གྱིས་གྲུབ་འབྲས་ཐོབ་པའི་ངང་དབུལ་ཞྭ་ཕུད་པ་དང་གྲོང་ཚོ་དབུལ་པོ་606ཚང་མ་དབུལ་སྒྲོལ་ཐུབ་ཡོད་ཅིང་། དབུལ་ཕོངས་མི་འབོར་ཁྲི་10.34བདེ་བླག་ངང་དབུལ་སྒྲོལ་ཐུབ་ཡོད། དབུལ་པོ་ཐོན་ཚད་0.03%བར་ཆག་པ་དང་དབུལ་པོ་དབུལ་རྐྱང་གི་དཀའ་གནད་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་གལ་ཆེན་བྱུང་ཡོད།
     དབུལ་སྒྲོལ་བྱ་རྒྱུ་དེ་གྲངས་འབོར་ལ་བལྟ་དགོས་པ་མ་ཟད། སྤུས་ཚད་ལ་དེ་བས་བལྟ་དགོས། དབུལ་སྒྲོལ་འགག་སྒྲོལ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པའི་རྨང་གཞིའི་ཐོག ང་ཚོས་དབུལ་པོ་བསྐྱར་ལོག་སྔོན་འགོག་བྱ་རྒྱུ་དེ་སྔར་བས་གལ་ཆེའི་གནས་བབ་ཐོག་བཞག་ནས་ཐབས་བརྒྱ་ཇུས་སྟོང་གིས་དབུལ་སྒྲོལ་སྤུས་ཚད་ལ་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱས་ཡོད། གཅིག་ནི“བཞི་མི་འབུད་པའི”བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། གཉིས་ནས“འགུལ་རྣམ་ཅན”གྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ། གསུམ་ནི“ཕུགས་ཕན་ཅན”གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཡོད།
     མི་དམངས་དྲ་བའི་དྲི་བ། སྣོད་བཅུད་རྔ་པར་མཚོན་ན་གལ་ཆེ་བའི་རང་བཞིན་ནི་སྨོས་མི་དགོས་པ་ཞིག་རེད། རྔ་པས་ཀྱང་དེར་ངོས་འཛིན་གཏིང་ཟབ་བྱུང་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་དམིགས་འབེན་བཏོན་ཡོད་པ་རེད། འོ་ན་ཞིབ་ཕྲ་བཤད་ན་ཕྱོགས་གང་ཐད་ནས་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་ཡག་པོ་དང་སྐྱེ་ཁམས་ལས་དོན་ཡག་པོ་བྱེད་པའི་ཐད་ཤུགས་རྒྱག་རྒྱུ་ཡིན་ནམ།
     དབྱང་ཁེ་ཉིང་གི་ལན། སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱ་རྒྱུ་དང་འབྲེལ་བ་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་དང་མི་རིགས་ཡུན་རིང་རྒྱུན་མཐུད་འཕེལ་རྒྱས་གཏོང་རྒྱུ་དང་དེ་བས་འབྲེལ་བ་ཡོད། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དེ་རྩ་བའི་གཞི་འཛིན་སར་བྱ་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་། “སྣོད་བཅུད་ལ་བརྟེན་ནས་ཁུལ་སྐྱོང་བའི”འདུ་ཤེས་ལ་གཡོ་འགུལ་མི་གཏོང་བ། སྲུང་སྐྱོང་དང་། འཛུགས་སྐྲུན། བཅོས་སྐྱོང་བཅས“ཐབས་མང་མཉམ་སྤྱོད”མཐའ་འཁྱོངས་བྱེད་པ་བཅས་བྱས་ནས། སྣོད་བཅུད་སྲུང་སྐྱོང་གི“རྩོམ་ཡིག་ཆེན་པོ”ཏན་ཏིག་ངང་ཡག་པོ་འབྲི་རྒྱུ་ཡིན། ཞིབ་ཕྲ་བཤད་ན། གཙོ་བོ་ཕྱོགས་བཞི་ནས་ཤུགས་རྒྱག་རྒྱུ་ཡིན་པ་སྟེ།  
     གཅིག་ནི“སྐྱེ་ཁམས་འདུ་ཤེས”རྩ་བར་འཛིན་ནས་སྟོད་རྒྱུད་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་རྒྱུ། གཉིས་ནི“སྣོད་བཅུད་སྲུང་སྐྱོང”རྨང་གཞིར་བྱས་ཏེ་སྣོད་བཅུད་སྲུང་ཡོལ་བརྟན་དུ་གཏོང་རྒྱུ། གསུམ་ནི“སྣོད་བཅུད་བཅོས་སྐྱོང”དེ་གཙོ་གནད་དུ་བྱས་ནས་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ། བཞི་ནི“སྐྱེ་ཁམས་ཐོན་ལས”དམིགས་སུ་བཟུང་ནས་སྐྱེ་ཁམས་དམངས་ཕྱུག་ལ་སྐུལ་འདེད་གཏོང་རྒྱུ་བཅས་སོ༎
     མི་དམངས་དྲ་བའི་དྲི་བ། རྔ་པ་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ལ་ཁྱད་འཕགས་ཀྱི་ཆ་རྐྱེན་འཛོམས་པོ་ཡོད་པ་སྟེ། གཟི་ཚ་སྡེ་དགུ་ཆེན་པོ་དང་། དོམ་ཁྲ། རྩྭ་ཐང་ཆེན་པོ། རྒྱང་སྐྱོད་ཆེན་པོ། གངས་རི་ཆེན་པོ། འཁྱགས་ཀླུང་ཆེན་པོ། ཚོན་ལྡན་ནགས་ཚལ་ཆེན་པོ། ས་ཡོམ་ཆེན་པོའི་རྗེས་ཤུལ། ཏ་ཡུས་ཀྱི་ཕ་ཡུལ་སོགས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆོད་ཅིང་འཛམ་གླིང་དུ་སྐད་གྲགས་ཁྱབ་ཡོད། རང་ངོས་ཀྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱོད་བྱས་ནས། རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཁྲོད་ཡུལ་སྐོར་ལས་རིགས་དེ་ས་ཁོངས་ཧྲིལ་པོའི་དཔལ་འབྱོར་ཁྲོད་ཀྱི་ཀ་རྟེན་ལྟ་བུའི་གནས་བབ་ལ་ཤུགས་སྣོན་ཇི་ལྟར་རྒྱག་རྒྱུ་ཡིན་ནམ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཡུལ་སྐོར་འཕེལ་རྒྱས་ཁྲོད་འབབ་འཕར་ཕྱུག་འགྱུར་ཡོང་བ་ཇི་ལྟར་བྱ་རྒྱུ་ཡིན་ནམ།
     དབྱང་ཁེ་ཉིང་གི་ལན། ཡུལ་སྐོར་ནི་རྔ་པ་ཁུལ་གྱི་ལེགས་ཆ་ལྡན་པའི་ཀ་རྟེན་ཐོན་ལས་ཡིན་ལ། ཁྱད་ལྡན་གྱི་དམངས་ཕྱུག་ཐོན་ལས་ཀྱང་ཡིན། མིག་སྔར་རྔ་པ་ཁུལ་གྱི་ཡུལ་སྐོར་དེ་མགྱོགས་མྱུར་སླར་གསོ་དང་། ས་ཁོངས་ཡོངས་ཀྱི་འཕེལ་རྒྱས། ཕྱོགས་ཡོངས་ནས་དར་རྒྱས་བཅས་ཀྱི་འགག་རྩའི་དུས་སུ་སླེབས་ཡོད། ང་ཚོས“རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ”དང“རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་ས”ཡི་འཐབ་ཇུས་དམིགས་འབེན་ལ་དམ་པོར་དམིགས་ནས། “བསྐྱར་སྐྲུན”དང“གསར་སྐྲུན”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རིག་གནས་དང་ཡུལ་སྐོར་གྱི་ཐོན་ལས་མཉམ་འདྲེས་དང་། གསར་གཏོད། ཕྱོགས་སྒྱུར་བཅས་ཀྱི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དང་། ཞབས་ཞུའི་ལས་རིགས་དང་ཐ་ན་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་དེའི་འདེགས་སྐྱོར་དང་སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན།
     གཅིག་ནི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་ཐོན་ལས་ཀྱི་བཀོད་པ་ལེགས་སྒྲིག་བྱ་རྒྱུ་དེ་ཡིན། གཉིས་ནི་རྨང་གཞི་བརྟན་དུ་བཏང་ནས་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་དེ་ཡིན། གསུམ་ནི་སྣ་མང་མཉམ་འདྲེས་མགྱོགས་སུ་བཏང་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། བཞི་ནི་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ལ་རམ་འདེགས་བྱ་རྒྱུ་དེ་ཡིན།
     དེང་སྐབས། ང་ཚོས་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། མཛེས་ལྗོངས་ཁུལ་གྱི་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་དང་། དམ་འཛིན་ཏན་ཏིག  དམ་འཛིན་ཞིབ་ཚགས་བཅས་བྱེད་པའི་རྨང་གཞིའི་ཐོག གཉེར་ཚོང་གི་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། “ཡུལ་སྐོར་འོས་སྦྱོར་+རིག་གནས་མཉམ་འགུལ་+སྨྱན་སྦྱོར་དྲིལ་བསྒྲགས་+ཡུལ་སྐོར་བའི་མྱོང་ཚོར”སོགས་ཀྱི་གཉེར་ཚོང་བྱེད་སྟངས་འཚོལ་ཞིབ་དང་གསར་གཏོད་བྱེད་པ་དང་། “རིམས་ནད་དང་འཐབ་རྗེས་ཕྱིར་ལོག་པའི་ཁྱེད་ཀྱི་བཀའ་དྲིན་ཚོར”ཞེས་པའི་རིན་མེད་ངང་རྔ་པར་ཡུལ་སྐོར་བྱེད་པ་སོགས་ཁྱད་ལྡན་བྱེད་སྒོ་སྤེལ་ནས། ཡུལ་སྐོར་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། དུས་མཚུངས། “ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱིས་དཀའ་གནད་མཉམ་སྒྲོལ་བྱེད་པར་རྒྱབ་སྐྱོར་བྱེད་པའི”སྲིད་ཇུས་དང་བྱེད་ཐབས་གང་མགྱོགས་བཟོས་ཏེ། བཟའ་བཏུང་དང་། ཞག་སྡོད། དངོས་ཟོག་ཉོ་སྒྲུབ་སོགས་ཆ་འགྲིག་ཐོན་ལས་སླར་གསོ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། ཡུལ་སྐོར་བའི་དགོས་མཁོ་སྐོང་གང་ཐུབ་བྱ་རྒྱུ་ཡིན།
ཧོང་ལུང་མཛེས་ལྗོངས་ཁུལ།
ཧོང་ལུང་མཛེས་ལྗོངས་ཁུལ།