འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་28ཉིན།

༄༅༎རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོཌ་འདུ་ཐེངས་གསུམ་པར་
འཐུས་མིའི་གྲོས་གཞི་ཁྱོན་506འབྱོར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་28ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་གཏན་འབེབས་བྱས་པའི་འཐུས་མིའི་གྲོས་གཞི་བསྡུ་མཚམས་འཇོག་པའི་དུས་ཚོད་གཞིར་བཟུང་། ཟླ་5ཚེས་25ཉིན་གྱི་ཉིན་གུང་གི་ཆུ་ཚོད་12ལ་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ལ་འཐུས་མིས་བཏོན་པའི་གྲོས་གཞི་ཁྱོན་506འབྱོར་བ་དང་། བསྡོམས་འབོར་ན་ནིང་ལས་མང་བ་རེད།
     ཚོགས་ཆེན་གྱི་དྲུང་ཡིག་ཁྲུའི་གྲོས་གཞི་ཚོགས་ཆུང་གིས་འཐུས་མིས་བཏོན་པའི་གྲོས་གཞིར་ཐོག་མར་དབྱེ་ཞིབ་བྱས་ཤིང་། གྲོས་གཞི་ཚོགས་ཆུང་གི་ཙུའུ་ཀྲང་ཀུའོ་ཀྲེན་ཧྭ་ཡིས་ངོ་སྤྲོད་བྱས་པར། འདི་ལོའི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ནི། སྤྱི་པའི་འཕྲོད་བསྟེན་ཁྲིམས་སྐྱོང་འགན་ལེན་མ་ལག་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་འཐུས་མིའི་གྲོས་གཞིའི་གྲངས་འབོར་མང་བ་དང་གྲོས་གཞིའི་བསྡོམས་འབོར་གྱི་བཞི་ཆ་གཅིག་བཟུང་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བཅའ་ཁྲིམས་མ་ལག་མགྱོགས་མྱུར་སྐྲུན་པར་དམིགས་ནས་འགོ་ནད་འགོག་བཅོས་བཅའ་ཁྲིམས་དང་། ཉེས་དོན་བཅའ་ཁྲིམས། བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་བཅས་ལ་བཟོ་བཅོས་རྒྱག་དགོས་པ་དང་། འགོ་ནད་སྐུང་ཞུ་དང་རིམས་ནད་འགོག་པའི་ལས་དོན་ལ་འགོག་རྐྱེན་བཟོ་བ་དང་དེ་བཞིན་ཁྲིམས་ལས་འགལ་ནས་རི་སྐྱེས་སྲོག་ཆགས་གསོད་པ་དང་། འཚོང་བ། ཟ་བ་སོགས་ཀྱི་བྱེད་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་དགོས་པ། ཀྲུང་ལུགས་གསོ་རིག་བཅའ་ཁྲིམས་དང་། ལས་གཉེར་སྨན་པའི་བཅའ་ཁྲིམས། ཁྲག་སྦྱིན་འབུལ་བའི་བཅའ་ཁྲིམས་བཅས་ལ་བཟོ་བཅོས་རྒྱག་དགོས་པ། དེ་བཞིན་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་འགན་ལེན་སོགས་ཀྱི་བཅའ་ཁྲིམས་བཟོ་དགོས་པ་བཏོན་ཡོད། རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་འཕྲལ་སྡོམ་དོ་དམ་མ་ལག་འཛུགས་པར་དམིགས་ནས་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བཅའ་ཁྲིམས་དང་། རིན་གོང་བཅའ་ཁྲིམས། དགེ་སྒྲུབ་བཅའ་ཁྲིམས་བཅས་ལ་བཟོ་བཅོས་རྒྱག་དགོས་པ་དང་། སྤྱི་ཚོགས་རོགས་སྐྱོབ་བཅའ་ཁྲིམས་དང་དེ་བཞིན་འཐབ་ཇུས་དངོས་ཟོག་གྲ་སྒྲིག་དང་། སྲིད་འཛིན་བསྡུ་སྤྱོད། ཆ་འཕྲིན་ཡོངས་བསྒྲགས། སྡེ་ཁུལ་གྱི་འཕྲལ་སྡོམ་དོ་དམ། ལས་ཡུལ་དངོས་ཀྱི་སྐྱོབ་བཅོས་སོགས་ཀྱི་བཅའ་ཁྲིམས་བཟོ་དགོས་པ་བཏོན་ཡོད། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་སྐྲུན་པར་དམིགས་ཏེ། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས་དང་། རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བཅའ་ཁྲིམས། བཟའ་བཅའི་བདེ་འཇགས་བཅའ་ཁྲིམས། ཉ་ལས་བཅའ་ཁྲིམས་བཅས་ལ་བཟོ་རྒྱག་དགོས་པ་དང་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་སོགས་བཅའ་ཁྲིམས་བཟོ་དགོས་པ་བཏོན་ཡོད་པ་རེད།