འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་28ཉིན།

༄༅།།གྲོ་སྙེའི་རྦ་རླབས་ལང་ལོང་གཡོ། ལོ་ལེགས་འབྲས་བཟང་ཡོང་བར་བརྩོན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་28ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཚོགས་འདུ་གཉིས་ཚོགས་ལ་ཉེ་བའི་མཚམས་སུ་བྲི་བ་གང་གི་དུས་ཚིགས་དང་སྐབས་འཁེལ་ཞིང་། 2020ལོའི་དབྱར་འབྲུར་སླར་ཡང་ལོ་ལེགས་ཡོང་བའི་རེ་བ་ཆེན་པོ་འཆང་བཞིན་མཆིས། དབྱར་འབྲུར་ལོ་ལེགས་འོང་བར་བྱེད་པ་ནི་ལོ་ཧྲིལ་པོར་འབྲུ་རིགས་ཐོན་སྐྱེད་ཀྱི་འགག་རྩའི་དམག་འཐབ་ཅིག་ཡིན་པས། རིམས་ནད་འགོག་རྒོལ་ལོར་ལོ་ལེགས་འོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།
    ལོ་གཅིག་གི་བཟའ་འབྲུ་དབྱར་ཁར་ཐུག་པས། དབྱར་འབྲུའི་ཐོན་སྐྱེད་ཀྱི་དུས་བབ་བཟང་པོ་ལས་སླ་པོར་བྱུང་བ་ཞིག་མིན། འདི་ལོའི་དཔྱིད་རྨོད་དང་རྨོད་གྲབས་ཀྱི་དུས་སྐབས་ནི་ཏོག་དབྱིབས་ནད་དུག་གསར་པ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འགག་རྩའི་དུས་སུ་འཁེལ་བ་རེད། སྲིན་འབུ་འགུལ་བའི་དུས་ཚིགས་ཀྱི་སྔ་རྗེས་སུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ལས་ཐོན་སྐྱེད་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ། དུས་རྒྱུན་ལས་ཟླ་བ་གཅིག་སྔ་སྣུར་དུ་ཞིང་ལས་ཀྱི་གོ་སྐབས་ལ་དམ་འཛིན་བྱས་པ་རེད། ས་གནས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་འཕྲལ་མར་ཞིང་ལས་ཐོན་སྐྱེད་ཀྱི་སྒྲིག་ལམ་སླར་གསོ་བྱས་ཤིང་། “འབྲུ་རིགས་ཡོད་པས། སེམས་ལ་དངངས་འཚབ་མི་ལང”བ་དང་། འབྲུ་རིགས་ཐོན་སྐྱེད་བྱས་མ་ཐག་འགོ་ཡག་པོ་ཞིག་འཛུགས་ཐུབ་པས། ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་གྱི་དམག་འཐབ་བཅས་ལ་རྒྱལ་ཁ་འཐོབ་ཆེད་དངོས་པོའི་འགན་ལེན་ནུས་ལྡན་ཐུབ་ཡོད།
    གོ་ལ་ཧྲིལ་པོར་མཆེད་པའི་རིམས་ནད་ཀྱི་མདུན་དུ་འཛམ་གླིང་གི་ཞིང་ལས་དང་འབྲུ་རིགས་ཐོན་སྐྱེད་ལ་གཏན་འཁེལ་མེད་པའི་རྒྱུ་རྐྱེན་སྣ་ཚོགས་ཕྲད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཉེན་བརྡ་ཡང་ཡང་བཏང་ཡོད། དུས་བབ་དམིགས་བསལ་འདི་འདྲའི་འོག་ཀྲུང་གོའི་གྲོ་དང་། སྔ་སྨིན་ཆུ་འབྲས་སོགས་ཀྱི་དབྱར་འབྲུར་ལོ་ལེགས་བྱུང་ནས་མི་འབོར་དུང་ཕྱུར་14ཡི་བཟའ་འབྲུར་གནོད་སྐྱོན་མེད་པའི་འགན་ལེན་སྔར་བས་ཐུབ་སྟེ་རིམས་ནད་ཆེན་པོའི་ཚོད་བགམ་འོག་འཛམ་གླིང་གི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་ཐུབ་ཡོད།
    “འབྲུ་རིགས་སྤྱིར་ན་རང་མཁོ་རང་གསོ་ཐུབ་པ་དང་། བཟའ་འབྲུ་ཡོངས་སུ་གནོད་མེད་བདེ་འཇགས་ལྡན་པ”འགན་ལེན་བྱེད་པ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་བླང་བྱ་ཁ་གསལ་ཞིག་རེད། ཀྲུང་གོ་བས་རང་ཉིད་ཀྱི་ཕོར་པ་རང་ཉིད་ཀྱིས་འཁྱེར་དགོས་ལ་ཀྲུང་གོ་བས་རང་ཉིད་ཀྱི་ཕོར་པར་རང་ཉིད་ཀྱི་འབྲུ་རིགས་བླུག་དགོས། ཉེན་ཁའི་འགྲན་སློང་ཇི་ཙམ་ཕྲད་པ་དེ་ཙམ་གྱིས་ཞིང་ལས་ཀྱི་གཞི་རྩ་བརྟན་པོ་ཡོང་བར་བྱེད་དགོས། དབྱར་ཁའི་འབྲུ་སྣུམ་ལ་ལོ་ལེགས་བྱུང་བ་དེས་ཞིང་ལས་ཐོན་སྐྱེད་ཀྱི་འགོ་འཛུགས་ལས་དོན་དང་། ཞིང་པའི་ལོ་ཧྲིལ་པོའི་ཐོན་སྐྱེད་ཀྱི་སྔོན་དཔག ཟོག་གོང་ཐམས་ཅད་ཀྱི་རྨང་གཞིར་གྱུར་པའི་འབྲུ་གོང་དང་མི་སེར་གྱི“འབྲས་སྒྱེ”བཅས་བརྟན་པོ་ཡོང་བར་བྱས་ཡོད།