འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་28ཉིན།

༄༅།།“རང་ཉིད་ཀྱི་འགན་འཁྲི་ཡག་པོ་སྒྲུབ་ ཐུབ་པའི་ཡིད་ཆེས་ཡོད”

—— རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལུའུ་མན་གྱི་འགན་སྒྲུབ་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་28ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཟླ་5ཚེས་12ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཅང་སུའུ་ཅུན་མན་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལུའུ་མན་གུང་གཞོན་སྡེ་ཚོགས་ཅན་ཧུའུ་རྫོང་ཨུ་ལྷན་གྱི་ཚོགས་ཁང་དུ་ཕེབས་ཏེ་ཁེ་ལས་ཀྱི་འཐུས་མི་ཁ་ཤས་དང་བཞུགས་མོལ་གནང་བ་རེད།
    ཉིན་དེའི་སྔ་དྲོར་ལུའུ་མན་གྱིས་ཅན་ཧུའུ་རྫོང་ཧེང་ཏུང་གྲོང་ཚོར་བརྟག་ཞིབ་གནང་བ་དང་གྲོང་གསེབ་དར་རྒྱས་སྐོར་གྱི་ཚང་མའི་བསམ་འཆར་བསྡུ་ལེན་གནང་བ་རེད། ཤེས་ལྡན་པའི་ཡིད་དབང་ཇི་ལྟར་འགུག་དགོས་པ་དང་དྲ་ཐོག་ཚོང་དོན་སྤྱད་དེ་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཇི་ལྟར་ཞུ་དགོས་པའི་སྐོར་ནི་ལུའུ་མན་གྱིས་རྟག་ཏུ་དོ་སྣང་གནང་བའི་བརྗོད་གཞི་རེད། འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཁོང་གིས་དེའི་ཐད་འབྲེལ་ཡོད་གྲོས་འགོ་མཁན་རེད།
    ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་སློབ་གྲྭ་ཆེ་མོ་བ་ལུའུ་མན་གྱིས་2011ལོར་བཟའ་ཟླ་དང་མཉམ་དུ་བྱ་དེ་མགོ་བྱི་གསོ་ཚགས་ལས་ལ་གཞོལ། དེ་གོང་གི་བྱ་དེ་མགོ་བྱི་གསོ་ཚགས་ར་བ་དེ་ད་ཆ་ལོར་ཕྱིར་ཚོང་གྲངས་འབོར་སྒོར་ཁྲི་8000ཟིན་པའི་དེང་རབས་རིག་ལྡན་ཞིང་ལས་ཁེ་ལས་ཤིག་ཏུ་གྱུར་ཡོད། ཁོང་གིས་གྲོང་གསེབ་ཏུ་རང་ཉིད་ཀྱི་བྱ་གཞག་བཏོད་པ་མ་ཟད། ད་དུང་མང་ཚོགས་མང་པོའི་ཕྱུག་འགྱུར་ལ་སྐུལ་ཁྲིད་ཀྱང་གནང་ཡོད།
    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་རྗེས། ལུའུ་མན་གྱིས་གྲོང་གསེབ་ཏུ་སེམས་རྣལ་དུ་ཕབ་ནས་དམངས་ལ་ཐབས་དང་ཇུས་འདྲི་ཡི་ཡོད། “ཐོན་ལས་དར་རྒྱས་གཏོང་བ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རེད། ན་གཞོན་ཚོ་གྲོང་གསེབ་ཏུ་ཇི་ལྟར་སྡོད་ཐུབ་པ་དང་དེང་རབས་རིག་ལྡན་ཞིང་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས་པའི་ཐད་ལུའུ་མན་གྱིས་བརྟག་ཞིབ་བྱས་ནས་ཐབས་ཤེས་རྙེད་རེ་གནང་གི་ཡོད”
    2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཁོང་གིས《གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་རྒྱུའི་སྐོར་གྱི་གྲོས་འགོ》དང《གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་རམ་འདེགས་བྱེད་རྒྱུའི་སྐོར་གྱི་གྲོས་འགོ》སོགས་བཏོན་གནང་བ་རེད།
    འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ལུའུ་མན་གྱིས་མུ་མཐུད་གྲོས་འགོ་བཏོན་ཏེ་གཞུང་ཁོངས་ཁེ་ལས་ཀྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པར་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་རང་རྟེན་ནུས་པ་སྐྱེད་སྲིང་བྱེད་རེ་གནང་གི་ཡོད་ལ། གྲོང་ཚོའི་མཉམ་སྡེབ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཚོའི་མཉམ་སྡེབ་རྩ་འཛུགས་ཉམས་ཞན་དང་ཐོན་ཁུངས་འཕྲོག་བརླག་སོགས་ཀྱི་དཀའ་གནད་བསལ་ནས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་རེའང་གནང་གི་ཡོད།
    ལུའུ་མན་གྱིས། “ལམ་ཐག་རིང་ཡང་དམིགས་སར་འབྱོར་བའི་ཉིན་ཞིག་ཡོད། རང་ཉིད་ཀྱི་འགན་འཁྲི་ཡག་པོ་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད”ཅེས་གསུངས་པ་རེད།