འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་28ཉིན།

༄༅།།ཀྲུང་གོའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཕེ་རུའི་ཏོག་གསར་གློ་ཚད་
ལོགས་འཇོག་ལྟེ་གནས་སུ་འཚམས་འདྲིར་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་28ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་མ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཕེ་རུར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཕེ་རུའི་རྒྱལ་ས་ལི་མའི་ཏོག་གསར་གློ་ཚད་ཀྱི་གནས་སྐབས་ལོགས་འཇོག་ལྟེ་གནས་སུ་འཚམས་འདྲིར་བསྐྱོད་དེ། དེ་གའི་རིམས་འགོག་འཐབ་ས་དང་པོའི་སྨན་དོན་པ་དང་ཉམས་མྱོང་སྤེལ་རེས་བྱས་པ་རེད།
    ཀྲུང་གོས་ཕེ་རུར་མངགས་གཏོང་བྱས་པའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཚེས་23ཉིན་ལི་མར་འབྱོར་བ་རེད། དེ་ནི་ཀྲུང་གོ་སྲིད་གཞུང་གིས་ལ་ཏིང་མེ་གླིང་ལ་རིགས་གཅིག་མཁས་ཅན་ཚོགས་ཆུང་གཏོང་ཐེངས་གཉིས་པ་ཡིན་པ་རེད། རིགས་གཅིག་མཁས་ཅན་ཚོགས་ཆུང་དེ་རྒྱལ་ཁབ་ཀྱི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་ནས་བཙུགས་པ་ཞིག་ཡིན་པ་དང་། དེའི་ཁྲོད་ཀྱི་ཁོངས་མི་4ཀོང་ཏུང་ཞིང་ཆེན་ནས་ཡིན་པ་དང་དེ་དག་དབུགས་ལམ་དང་ནད་ཚབས་ལྕི་བའི་གསོ་རིག་དང་། འགོ་ནད་དོ་དམ་དང་དབང་རྩའི་ཁོག་ནད་སོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་ཡིན་པ་རེད།
    ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་ལོགས་འཇོག་ལྟེ་གནས་ཀྱི་སྒྲིག་ཆས་ལ་ལྟ་སྐོར་བྱས་པ་དང་སྦྲགས་རིམས་འགོག་དང་། ལོགས་འཇོག སྨན་བཅོས། ནད་གཡོག་བཅས་ཐད་ཀྱི་ཕེ་རུའི་བྱ་ཐབས་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་མ་ཟད། ཕེ་རུའི་རྒྱལ་ཁབ་སྤྱི་ཚོགས་འགན་སྲུང་སྒྲིག་གཞིའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་དང་ཏོག་གསར་གློ་ཚད་བཅོས་ཐབས་ཀྱི་ཕེ་རུའི་ཇུས་གཞིར་དཔྱད་བསྡུར་ཡང་བྱས་པ་རེད།
    རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཙུའུ་ཀྲང་ཀུའོ་དབྱི་ཡིས་ད་རེས་ཕེ་རུར་ཡོང་བའི་ཀྲུང་གོའི་སྨན་བཅོས་རིགས་གཅིག་མཁས་ཅན་ཚང་མ་ཏོག་གསར་རིམས་ནད་ཐོན་རིང་འཐབ་ས་མདུན་མར་དམག་འཐབ་བྱེད་མཁན་ཤ་སྟག་ཡིན། ད་ཆ་རང་ཉིད་ཀྱི་ཤེས་བྱ་དང་ཉམས་མྱོང་ཕེ་རུར་སྤེལ་རྒྱུ་ཡིན་པས། ཕེ་རུའི་མི་དམངས་ཀྱིས་རིམས་ནད་འགོག་རྒོལ་ནུས་ལྡན་ཐུབ་རྒྱུར་ཕན་པ་ཡོང་བའི་རེ་བ་ཡོད་ཅེས་བཤད།