འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་28ཉིན།

༄༅།།དབྱི་རག་གི་གསར་དུ་བསྐོ་གཞག་བྱས་པའི་ཙུང་ལི་ཁ་ཏི་རྨི་ཡིས་ཀྲུང་གོ་དང་འབྲེལ་བ་འཕེལ་
རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་ཅེས་བརྗོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་28ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པ་ཀ་ཏ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་དུ་བསྐོ་གཞག་བྱས་པའི་དབྱི་རག་གི་ཙུང་ལི་མུའུ་སི་ཐ་ཧྥ·ཁ་ཏི་རྨི་ཡིས་གྲོང་ཁྱེར་པ་ཁ་ཏ་རུ་དབྱི་རག་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཐའོ་དང་ཐུག་འཕྲད་བྱེད་སྐབས། དབྱི་རག་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། དབྱི་རག་གིས་ཏོག་གསར་རིམས་ནད་ལ་འགོག་རྒོལ་བྱེད་རིང་ཀྲུང་གོ་ཕྱོགས་ཀྱིས་སྒེར་སེམས་མེད་པར་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
    ཁ་ཏི་རྨི་ཡིས་དབྱི་ཀྲུང་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ལྡན་ཡོད། དབྱི་རག་ཕྱོགས་ཀྱིས་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་མུ་མཐུད་ཟབ་ཏུ་བཏང་ནས་དབྱི་ཀྲུང་དབར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
    ཀྲང་ཐའོ་ཡིས་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་ཡག་པོ་ཡོད་པའི་ཀྲུང་དབྱི་རྒྱལ་ཁབ་གཉིས་པོས་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་བཞིན་ཡོད། དབྱི་རག་ཏུ་ཏོག་གསར་རིམས་ནད་ཐོན་ཚུན། ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་དབྱི་རག་ཕྱོགས་ལ་སྨན་བཅོས་དངོས་རྫས་འབོར་ཆེན་རོགས་སྐྱོར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་རག་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་། དབྱི་རག་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་ཧུར་ཐག་བྱེད་པར་རྒྱབ་སྐྱོར་བྱེད་པ། རིམས་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་བརྗོད་པ་རེད།