འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་27ཉིན།

༄༅༎འཐུས་མི་ཧྲ་ཧྥེང་དང་མཱ་ཧྥུ་ཁྲང་གིས་སྐད་གཉིས་ཀྱི་ཁྲིམས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། གསོ་སྦྱོང་། བསྡུ་ལེན་
བཅས་ཀྱི་ལམ་སྲོལ་འཛུགས་རྒྱུར་གོམ་གང་མདུན་སྤོས་ངང་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་27ཉིན། 12:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་ཁག་གིས་སྐད་གཉིས་འདྲི་གཅོད་དང་ཞིབ་དཔྱོད་ཀྱི་ཤེས་ལྡན་མི་སྣ་འཛུགས་སྐྱོང་བྱེད་པར་མཐོང་ཆེན་བྱས་མོད། འོན་ཀྱང་ད་ཡོད་མི་སྣས་སྔར་བཞིན་མི་རིགས་ས་ཁུལ་གྱི་འདྲི་གཅོད་དང་ཞིབ་དཔྱོད་ལས་དོན་གྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། དེར་བརྟེན་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྲ་ཧྥེང་དང་མཱ་ཧྥུ་ཁྲང་གིས་སྐད་གཉིས་ཁྲིམས་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། གསོ་སྦྱོང་། བསྡུ་ལེན་བཅས་ཀྱི་ལམ་སྲོལ་འཛུགས་རྒྱུར་གོམ་གང་མདུན་སྤོས་ངང་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།
     གྲོས་འགོའི་ནང་། ཉེ་བའི་ལོ་ཤས་རིང་ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་པ་དང་ཆབས་ཅིག མཚོ་སྔོན་དུ་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱི་གཏན་འཁེལ་མི་གྲངས་ལམ་ལུགས་ཀྱི་སྲིད་ཇུས་ལག་བསྟར་ནུས་ལྡན་བྱུང་ཡོད་པ་དང་། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནུས་ལྡན་བྱུང་ཡོད། རྒྱ་ཆེའི་བོད་རིགས་ས་ཁུལ་གྱི་ཁྲིམས་ཁང་དང་ལྷག་པར་དུ་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་འདྲི་གཅོད་དང་ཞིབ་དཔྱོད་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པས། བོད་ཁུལ་གྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད། འོན་ཀྱང་དུས་མཚུངས། རྒྱ་བོད་སྐད་གཉིས་ཀྱི་འདྲི་གཅོད་དང་ཞིབ་དཔྱོད་ཤེས་ལྡན་མི་སྣ་ཧ་ཅང་དཀོན་པ་དང་། ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱི་ལོ་ཚད་ལ་ཧེ་བག་འདོན་པ་དང་། རྒྱུན་མཐུད་བྱེད་སྐབས་མཐུད་མི་ཐུབ་པ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོ་གནས་ཡོད། ཞིང་ཆེན་ཡོངས་ཀྱི་ཁང་གཉིས(ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་བསྡུ་མིང)ཀྱི་དཔུང་ཁག་ལ“མི་བསྡུ་དཀའ་བ་དང་། མི་ཉར་དཀའ་བའི”དཀའ་གནད་འཕྲད་ཡོད་ཅིང་། སྐད་གཉིས་ཁྲིམས་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་ཀའི་ལམ་སྲོལ་ད་དུང་འཐུས་ཚང་བྱུང་མེད་པ་དང་། སྐད་གཉིས་ཤེས་ལྡན་མི་སྣ་གསོག་ཉར་བྱེད་ཚད་ཧ་ཅང་མི་འདང་བ་བཅས་ཡིན་པ་རེད།
     འཐུས་མི་ཧྲ་ཧྥེང་དང་མཱ་ཧྥུ་ཁྲང་གིས། གོམ་གང་མདུན་སྤོས་ངང་གསོ་སྐྱོང་དང་། གསོ་སྦྱོང་། བསྡུ་ལེན་བཅས་ཀྱི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་ནས། མི་རིགས་སློབ་གླིང་དང་བོད་རིགས་ས་ཁུལ་གྱི་ཁང་གཉིས་དབར་འབྲེལ་མཐུད་ནུས་ལྡན་གྱི“མངགས་ཐོའི་རྣམ་པའི”སྐད་གཉིས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་བཙུགས་ནས་དམིགས་བསལ་སྲིད་ཇུས་སྤྱད་དེ་བོད་རིགས་ས་ཁུལ་གྱི་ཁང་གཉིས་ཀྱི་སྐད་གཉིས་ཤེས་ལྡན་མི་སྣ“བསྡུ་ལེན་དཀའ་བའི”གནད་དོན་ཐག་གཅོད་བྱེད་པ་དང་། རྒྱ་བོད་སྐད་གཉིས་ཁྲིམས་དཔོན་གྱི་ཕྱོགས་བསྡུས་ནུས་པའི་བྱང་ཚད་མཐོ་རུ་གཏོང་བའི་ཐད་སྲིད་ཇུས་ཀྱི་རྒྱབ་སྐྱོར་མང་ཙམ་བྱས་ནས། རྒྱ་བོད་སྐད་གཉིས་ཀྱི་ཁྲིམས་ལུགས་ཤེས་ལྡན་པ་དཀོན་པའི་གནད་དོན་རྩ་བའི་ཐོག་ནས་ཐག་གཅོད་བྱས་ཏེ་མཚོ་སྔོན་བོད་རིགས་ས་ཁུལ་གྱི་ཁང་གཉིས་ཀྱི་འདྲི་གཅོད་དང་ཞིབ་དཔྱོད་བྱ་གཞག་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།