མི་དམངས་དྲ་བ།

༄༅༎རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་བརྙན་ལམ་ཚོགས་འདུ་འཚོགས་པ།
དབང་དབྱང་ཚོགས་འདུར་ཕེབས་པ་དང་། ཨུ་ཡོན་12ཀྱིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་27ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་གྱི་སྔ་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་བརྙན་ལམ་ཚོགས་འདུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་ཚོགས་འདུར་ཕེབས་པ་དང་། ཨུ་ཡོན་12ཀྱིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་རེད། ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་སུ་ཚོགས་ར་གཙོ་བོ་བཙུགས་པ་དང་ཨུ་ཡོན་བཞུགས་གནས་སུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་ཚོགས་འདུར་ཕེབས་ནས་གཏམ་བཤད་གསན་པ་རེད།
     ཨུ་ཡོན་ཧོང་ལུའུ་ཆི་ཡིས་གཏམ་བཤད་གནང་སྐབས། རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་ཁྲོད་ཀྲུང་ལུགས་གསོ་རིག་གིས་ནུས་པ་གལ་ཆེན་བཏོན་པ་ལག་ལེན་ཐོག་ནས་ར་སྤྲོད་བྱུང་ཡོད་ཅེས་གསུངས་ཤིང་། ཁོང་གིས་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་མཉམ་ལས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་རྒྱལ་ཁབ་ཀྱི་རིམ་པ་ཁག་གི་རིམས་ནད་འགོག་བཅོས་ཐབས་ཇུས་དང་ཇུས་གཞི་བཟོ་བའི་ནང་ཞུགས་སུ་འཇུག་པ། ཀྲུང་ལུགས་གསོ་རིག་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་བྱས་ཏེ་འགོ་ནད་འགོག་བཅོས་ཀྱི་ཞིབ་འཇུག་ལས་སྟེགས་བསྐྲུན་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
     ཨུ་ཡོན་ཁྲེང་ཧུང་གིས་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། རང་རྒྱལ་གྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་གཟུགས་གཞི་བདེ་ཐང་གི་དམིགས་ཚད་གཙོ་བོ་ལོ་ཉི་ཤུ་ལྷག་ཙམ་བསྟུད་མར་ཆག་པའི་རྒྱུ་རྐྱེན་གཙོ་བོ་དེ་ཚན་རིག་མ་ལག་གི་བདེ་ཐང་སློབ་གསོ་དང་། གཟུགས་པོར་ལྟ་ཞིབ་ཚད་ལེན། ཐེ་ཇུས་མ་ལག་བཅས་མི་འདང་བའི་རྐྱེན་གྱིས་རེད། ཁོང་གིས་བདེ་ཐང་སློབ་གསོ་རྒྱལ་དམངས་སློབ་གསོའི་མ་ལག་ནང་བཅུག་ནས་བྱིས་པ་དང་གཞོན་ནུ་ལོ་ཆུང་ཚོར་ཆུང་དུས་ནས་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་འཇགས་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། སློབ་གྲྭའི་ལུས་རྩལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གཟུགས་པོ་བདེ་ཐང་ལ་བརྟག་དཔྱད་བྱེད་སྟངས་དང་ནང་དོན་ལེགས་སུ་བཏང་ནས་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ཐེ་ཇུས་བྱེད་དགོས་པ། རྒྱལ་ཡོངས་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་གཟུགས་པོ་བདེ་ཐང་གི་གྲངས་གཞི་ཆེ་མོའི་མཛོད་ཀྱི་ལས་སྟེགས་དང་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་གི་གྲངས་གཞི་མཉམ་སྤྱོད་མ་ལག་བསྐྲུན་ཏེ། བྱིས་པ་དང་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
     ཨུ་ཡོན་ཀྲོའུ་ཧན་མིན་གྱིས་དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། ལྟེ་བའི་གྲོང་ཁྱེར་འཕེལ་རྒྱས་མགྱོགས་སུ་བཏང་ཚེ་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་འཁོར་རྒྱུག་ལུགས་མཐུན་དང་ལས་ཆོད་ཆེ་བའི་གཅིག་སྡུད་ལ་ཕན་ཐོགས་ཡོད། ཁྱབ་འགྱེད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ས་ཁོངས་ཀྱི་སྤུས་ཚད་མཐོ་བའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཤིང་། ཁོང་གིས་འཆར་འགོད་ཞིབ་ཚགས་སུ་བཏང་ནས་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་གྱི་ལུགས་མཐུན་བཀོད་སྒྲིག་དང་ཁྱད་ཆོས་མངོན་པར་བྱ་རྒྱུ་དེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་ལྟེ་བའི་ལས་འགན་གྲས་སུ་བརྩིས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ས་ཁོངས་དབར་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་གྱི་འཁོར་རྒྱ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ལྟེ་བའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་གྱི་བཅོས་སྐྱོང་ནུས་པ་མཐོ་རུ་གཏོང་དགོས་ཞེས་གྲོས་འགོ་བཏོན་གནང་བ་རེད།
     ཨུ་ཡོན་ལུའོ་ཀྲེ་ཅུན་གྱིས་གཏམ་བཤད་གནང་སྐབས་རྒྱལ་ཁབ་ཕྱི་ནང་དུ་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་རྐྱེན་གྱིས་ཞིང་པ་ལས་མིའི་ལས་ཞུགས་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་གསར་པ་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་ཐོན་ལས་ལ་བརྟེན་ནས་ལས་ཞུགས་བརྟན་པོ་ཡོང་བ་བྱས་ནས་ཐོན་ལས་འཁོར་སྦྲེལ་ཧྲིལ་པོ་མཉམ་དུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། སྒྱུར་བཅོས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མ་ལག་དང་ལས་ཞུགས་ཞབས་ཞུའི་མ་ལག་བཙུགས་པ་དང་། རྩལ་ནུས་གསར་པ་དང་ལས་གནས་གསར་པའི་གསོ་སྦྱོང་ལས་དོན་སྤེལ་བ། ཞབས་ཞུར་བརྟེན་ནས་ལས་ཞུགས་འགན་ལེན། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་ཐོན་ལས་དང་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དབུལ་པོར་གྱུར་པ་དང་དབུལ་པོ་བསྐྱར་ལོག་གི་ཞིང་པ་ལས་མི་རོགས་སྐྱོར་ཁྱབ་ཁོངས་སུ་འཇུག་དགོས་ཞེས་གསུངས་པ་རེད།
     ཨུ་ཡོན་ཀྲང་ཡུས་ཏུང་གིས་དམངས་གཙོ་ཡར་སྐུལ་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། མིག་སྔར་རང་རྒྱལ་དུ་དམངས་ཡོངས་ཀྱིས་དཔེ་ཀློག་བྱ་རྒྱུ་ད་དུང་མི་འདང་བ་དང་དེ་བས་གཏིང་ཟབ་མེད་ཅེས་གསུངས་ཤིང་། ཁོང་གིས་ཁྲིམས་འཛུགས་ཀྱི་འཕེལ་རིམ་མགྱོགས་སུ་བཏང་ནས་དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད་ཁྲིམས་སྐྱོང་གི་འགན་ལེན་མཁོ་འདོན་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་རང་འགུལ་ངང་ཁྲིད་སྟོན་བྱས་ཏེ་དམངས་ཡོངས་ཀྱི་དཔེ་ཀློག་ཆུ་ཚད་མཐོ་རུ་གཏོང་དགོས་པ། དཔེ་སྐྲུན་དང་སྨྱན་སྦྱོར་ལས་ཁུངས་ཀྱིས་ཚན་རིག་ཞིབ་འཇུག་ལས་ཁུངས་དང་རིགས་གཅིག་མཁས་པ་དང་མཁས་དབང་དང་ལག་གདང་སྦྲེལ་ནས་ཕུལ་བྱུང་དཔེ་དེབ་འཆད་འགྲེལ་གཏིང་ཟབ་དང་བརྒྱུད་བསྒྲགས་ཁྱབ་གདལ་གཏོང་བའི་ལས་དོན་ཡག་པོ་བསྒྲུབ་པ། དམངས་ཡོངས་ཀྱི་དཔེ་ཀློག་བྱེད་ཐབས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། དཔེ་ཀློག་རྣམ་པའི་ཀྲུང་གོ་གཏོད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
     ཨུ་ཡོན་ཡན་ཞའོ་ཕེ་ཡིས་ཀྲི་ཀུང་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཟུང་ནས“རྒྱུད་གཅིག་ལམ་གཅིག”གི་གསར་གཏོད་མཉམ་ལས་སྔར་བས་ཟབ་ཏུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།
     ཨུ་ཡོན་ཅང་ཙེ་ལིན་གྱིས་གཏམ་བཤད་གནང་སྐབས། རང་རྒྱལ་གྱི་གྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དེ་རིམ་བཞིན་འཕེལ་ཕྱོགས་སུ་གྱུར་བ་དང་། “ཞིང་ལས+”ཀྱི་ལས་རྣམ་སྣ་མང་མཉམ་འདྲེས་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་མོད། འོན་ཀྱང་སྔར་བས་འཕེལ་རྒྱས་གཏོང་བའི་ཐད་སྔར་བཞིན་གནད་དོན་ཁ་ཤས་འཕྲད་ཡོད་ཅེས་གསུངས་ཤིང་། ཁོང་གིས་མཉམ་འདྲེས་འཕེལ་རྒྱས་ཁྲོད་གཉེར་སྐྱོང་བྱེད་པོ་ཡོངས་ཀྱི་དབང་ཆ་འདྲ་མཉམ་དང་། འགན་འཁྲི་གཅིག་མཚུངས། གཉིས་ཕན་གཉིས་ཁེ་བཅས་ཀྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་བཙུགས་ཏེ། ཞིང་པར་ཕན་པ་ཐོབ་རྒྱུ་འགན་ལེན་ཏན་ཏིག་བྱ་དགོས། ས་ཞིང་སོགས་མཁོ་སྤྲོད་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་གཞི་རྒྱུའི་ཚོད་འཛིན་ལས་སྒྲོལ་བ། དེང་རབས་ཞིང་ལས་ཆེ་གྲས་ཀྱི་སྣེ་འདྲེན་ནུས་པ་འདོན་སྤེལ་དང་། མཉམ་འདྲེས་སྒུལ་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་རོགས་རམ་བཅས་བྱས་ཏེ་ཞིང་པས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་སྐྱེལ་ཐུབ་པ་བྱ་རྒྱུའི་གྲོས་འགོ་བཏོན་གནང་བ་རེད།
     ཨུ་ཡོན་ལེན་ཅེ་ཏེ་ཡིས་ཐའེ་དབན་མནའ་མཐུན་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། རིམ་རྩིས་བརྒྱབ་ན་མེས་རྒྱལ་སྐམ་ས་ཆེ་མོས་ཐའེ་དབན་ཚོང་ལས་ཀྱི་མ་འཇོག་རྣམ་གྲངས་ཁྲི་བཅུ་ལྷག་ཙམ་ལ་ཆོག་མཆན་སྤྲད་པས། ཐའེ་དབན་གྱིས་མ་དངུལ་བཞག་པའི་ཁེ་ལས་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་བཞིན་ཡོད་ཅེས་བརྗོད་པ་རེད།
     ཨུ་ཡོན་ལིའུ་པིང་ཅང་གིས་གཏམ་བཤད་གནང་སྐབས། གནད་སྨིན་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་ལྟར་སྦགས་བཙོག་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དགུང་སྔོན་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་གསུངས་ཤིང་། ཁོང་གིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་རླུང་ཁམས་ཆེ་མོར་སྦགས་བཙོག་བཟོ་བའི་ཐོན་ལས་གྲུབ་ཚུལ་ཅུང་ལྕི་དྲགས་པ་དང་། བཀོད་སྒྲིག་བྱེད་ཚུལ་ཅུང་འཁྲུག་པ། ནུས་རྒྱུའི་གྲུབ་ཆ་རྡོ་སོལ་ལ་ཕྱོགས་པ། འགྲིམ་འགྲུལ་སྐྱེལ་འདྲེན་གྲུབ་ཆ་གཞུང་ལམ་ལ་ཕྱོགས་པ་སོགས་ཀྱི་ལྟེ་བའི་གནད་དོན་ལ་དམིགས་ཏེ་སྤྱི་འདོམས་ཇུས་བསྟར་བྱས་ཏེ་འབྲི་ཆུའི་ཟུར་གསུམ་ཁུལ་དང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁོངས་སུ་གཙོ་གནད་ཐོན་ལས་གཅིག་བསྡུས་བྱེད་ཚད་མཐོ་རུ་གཏོང་བ་དང་། ས་ཁོངས་ཆེན་པོ་གསུམ་གྱི་རྡོ་སོལ་འཛད་སྤྱོད་བསྡོམས་འབོར་ཚོད་འཛིན་བྱེད་པ། ལྕགས་ལམ་ཟོག་འདྲེན་བསྡུར་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་འབྱུང་རྩ་ནས་འབར་སྣུམ་གྱི་སྦགས་བཙོག་དངོས་པོ་འབུད་ཚད་ཉུང་དུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
     ཨུ་ཡོན་ཅང་དབྱི་ཡིས་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་ཚབ་ཞུས་ནས་གཏམ་བཤད་སྤེལ་སྐབས། ཏོག་གསར་གློ་ཚད་རིམས་ནད་ཀྱིས་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་སྔར་བྱུང་མྱོང་མེད་པའི་འགྲན་སློང་འཕྲད་པ་དང་། སྲིད་གཞུང་གིས་དེར་ཁ་གཏད་གཅོད་པའི་སྲིད་ཇུས་དང་བྱེད་ཐབས་ཁག་བཏོན་ཡོད། དུས་མཚམས་རྗེས་མར་ཁེ་ལས་ལ་རོགས་རམ་བྱེད་པའི་ཐད་མཐའ་ཚད་ཀྱི་བསམ་གཞིག་ཡོད་དགོས། “ཐ་སྐྱོང”བྱ་དགོས་རིགས“ཐ་སྐྱོང”བྱེད་དགོས་པ་དང་། “ཁེ་ལས་འགན་ལེན”ཐུབ་ཚེ་གཞི་ནས“ལས་ཞུགས་འགན་ལེན”ཐུབ་པ་དང་། ལས་སྟེགས་ཀྱི་བསམ་གཞིག་ཡོད་པ་བྱས་ནས་སྲིད་གཞུང་དང་སྣེ་འདྲེན་ཁེ་ལས་ཀྱིས་ཕྱར་བ་གྲུ་འདེགས་ངང་ཐོན་ལས་འཁོར་སྦྲེལ་དང་སྣོད་བཅུད་ཁུལ་ལ་རྒྱབ་སྐྱོར་བྱེད་དགོས་པ། གསར་གཏོད་ཀྱི་བསམ་གཞིག་ཡོད་པ་བྱས་ནས་ནུས་རྒྱུ་དང་རིགས་ཁག་གི་ཁྲོམ་རའི་བྱེད་པོས“གྲངས་གཞི་མཉམ་གནས”མཉམ་དུ་བཙུགས་ནས་ཁེ་ལས་ལ་ཐོབ་ཚོར་དེ་བས་མང་བ་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།
     ཨུ་ཡོན་ཧོ་ཏིང་དབྱིས་གཏམ་བཤད་གནང་སྐབས། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20སོང་རིང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ། “ཨའོ་མོན་གྱི་ཁྱད་ཆོས་དང་། ཨའོ་མོན་གྱི་བཀྲག་མདངས་འཚེར་ས། ཨའོ་མོན་གྱི་ཉམས་མྱོང”བཅས་བཏོད་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་གདེང་ཚོད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་གཅིག་གྱུར་བཅས་ཡོང་རྒྱུར་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། མེས་རྒྱལ་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་ཡོང་བ་བཅས་བྱས་ནས། དུས་རབས་གསར་པར་ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ཡུན་རིང་བརྟན་པོ་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
     ཨུ་ཡོན་ཤའོ་རན་གྱིས་གཏམ་བཤད་གནང་སྐབས། ད་ཐེངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལས་དུས་རབས་གསར་པར་མི་རིགས་ཀྱི་སྙིང་སྟོབས་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བྱས་པའི་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དུས་རབས་གསར་པའི་མི་རིགས་སྙིང་སྟོབས་ཀྱི་ལོ་རྒྱུས་ཟིན་ཐོ་དང་རྒྱུན་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་པ། དུས་རབས་གསར་པའི་མི་རིགས་ཀྱི་སྙིང་སྟོབས་རྨང་གཞིར་བྱས་པའི་རིག་གནས་ཀྱི་གདེང་ཚོད་སྐྱེད་སྲིང་དང་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལེའུ་རྩོམ་དགོས་ཞེས་གསུངས་པ་རེད།
     ཚོགས་འདུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའུ་ཧྲེང་ཙུའུ་ཡིས་གཙོ་སྐྱོང་གནང་བ་རེད།

  
style="display:none;"