འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་27ཉིན།

༄༅༎རང་རྒྱལ་གྱི་གཞུང་ཁོངས་ནགས་ཁུལ་ཆེ་ཤོས་སུ་ནགས་ལས་ཐཱན་འདུས་ཉོ་ཚོང་བྱེད་ཐེངས་5ལ་ཁྱོན་སྒོར་ཁྲི་191ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་27ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཧུའུ་ཧོ་ཧའོ་ཐེ་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་གསར་འགོད་པར་ནང་སོག་ཏ་ཤིང་ཨན་ལིང་གཙོ་གནད་གཞུང་ཁོངས་ནགས་ཁུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔར་རང་རྒྱལ་གྱི་གཞུང་ཁོངས་ནགས་ཁུལ་ཆེ་ཤོས་ཏེ། ནང་སོག་ཏ་ཤིང་ཨན་ལིང་གཞུང་ཁོངས་ནགས་ཁུལ་ཆེ་ཤོས་སུ་ནགས་ལས་ཐཱན་འདུས་ཉོ་ཚོང་བྱེད་ཐེངས་5ལེགས་སྒྲུབ་བྱས་པར་ཁྱོན་སྒོར་ཁྲི་191ཟིན་པ་དེ་ཐོག་ནས་ནང་སོག་ཏ་ཤིང་ཨན་ལིང་སྣོད་བཅུད་ཕན་འབྲས་དཔལ་འབྱོར་ཕན་འབྲས་སུ་བསྒྱུར་བའི་མྱུར་ཚད་མགྱོགས་སུ་ཕྱིན་པ་མཚོན་གྱི་ཡོད།
     ནང་སོག་ཏ་ཤིང་ཨན་ལིང་གཙོ་གནད་གཞུང་ཁོངས་ནགས་ཁུལ་དོ་དམ་ཅུས་ཐཱན་འདུས་གཞུང་དོན་ཁང་གི་འགན་འཁུར་མི་སྣས་2014ལོར་ཁྲའོ་ཨེར་དང་ཁེ་དབྱི་ཧོ་སོགས་ནགས་ལས་ཅུས་6གིས་ནགས་ལས་ཐཱན་འདུས་རྣམ་གྲངས་ཀྱི་ཚོད་ལྟའི་ལས་དོན་སྤེལ་ཡོད། 2017ལོའི་ཟླ་12པར་ཁྲའོ་ཨེར་ནགས་ལས་ཅུས་དང་ཀྲེ་ཅང་ཧྭ་ཡན་མ་འཇོག་དོ་དམ་ཚད་ཡོད་ཀུང་སིས་ནང་སོག་ཏ་ཤིང་ཨན་ལིང་གཙོ་གནད་གཞུང་ཁོངས་ནགས་ཁུལ་གྱི་ནགས་ལས་ཐཱན་འདུས་ཉོ་ཚོང་བྱེད་ཐེངས་དང་པོ་ལེགས་གྲུབ་ཟིན་པར་ཉོ་ཚོང་དངུལ་འབོར་སྒོར་ཁྲི་40ཟིན་ཡོད། 2018ལོ་ནས་ད་བར་ཁྲའོ་ཨེར་དང་ཁེ་དབྱི་ཧོ་ནགས་ལས་ཅུས་ཀྱིས་བསྟུད་མར་ནགས་ལས་ཐཱན་འདུས་ཉོ་ཚོང་བྱེད་ཐེངས་4ལེགས་སྒྲུབ་བྱས་པར་སྤྱིའི་ཉོ་ཚོང་བྱས་པའི་དངུལ་འབོར་སྒོར་ཁྲི་151ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     ནགས་ལས་ཐཱན་འདུས་ཞེས་པ་ནི་ཤིང་འཛུགས་ནགས་བཟོ་དང་ནགས་ཚལ་དོ་དམ་སོགས་ཀྱི་བྱ་ཐབས་བརྒྱུད། རྩི་ཤིང་གི་འོད་སྦྱོར་ནུས་པར་བརྟེན་ནས་རླུང་ཁམས་ཆེ་མོའི་དབྱང་གཉིས་ཐཱན་འགྱུར་བསྡུ་ལེན་བྱེད་པར་ཟེར་བ་མ་ཟད། དེ་སྔོ་ཁེབས་དང་ས་རྒྱུའི་ནང་གཏན་འཇགས་བཟོས་ནས་རླུང་ཁམས་ཆེ་མོའི་ནང་དྲོད་ཁང་གི་རླངས་གཟུགས་འབུད་ཚད་ཉུང་དུ་གཏོང་བར་ཡང་ཟེར། དབྱང་གཉིས་ཐཱན་འགྱུར་འབུད་གཏོང་ཁེ་ལས་ཀྱིས་ནགས་ལས་ཐཱན་འདུས་ཉོས་ནས་ཁེ་ལས་རང་ངོས་ཀྱི་དེ་མཐུན་གྱི་ཐཱན་རྒྱུ་འབུད་གཏོང་དང་མགོ་གཏུག་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་གི་འཁོར་རྒྱུག་བཟང་པོ་མངོན་འགྱུར་ཐུབ་ཀྱི་ཡོད།
     ནང་སོག་ཏ་ཤིང་ཨན་ལིང་གཙོ་གནད་གཞུང་ཁོངས་ནགས་ཚལ་དོ་དམ་ཅུས་ཐཱན་འདུས་གཞུང་དོན་ཁང་གི་འགན་འཁུར་མི་སྣས་ནང་སོག་ཏ་ཤིང་ཨན་ལིང་གཙོ་གནད་གཞུང་ཁོངས་ནགས་ཁུལ་གྱི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་8.37ཟིན་པ་དང་ནགས་ཤིང་གསོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་10.33ཟིན་ཡོད། ནགས་ཤིང་སྨི་རྒྱ་དཔངས་གྲུ་བཞི་1གིས་ཆ་སྙོམས་དབྱང་གཉིས་ཐཱན་འགྱུར་ཏུན་1.83ཙམ་བསྡུ་ལེན་བྱས་པར་རྩིས་ན། ནང་སོག་ཏ་ཤིང་ཨན་ལིང་གཙོ་གནད་གཞུང་ཁོངས་ནགས་ཁུལ་གྱི་ནགས་ཚལ་གྱི་ཐཱན་གསོག་བསྡོམས་འབོར་ཏུན་དུང་ཕྱུར་18.9ཙམ་ཟིན་གྱི་ཡོད། མིག་སྔར་ནགས་ཁུལ་དུ་ལོ་རེར་ནགས་ལས་ཀྱི་ཐཱན་འདུས་ཚད་ཏུན་ཁྲི་4000ལྷག་ཙམ་འཕར་གྱི་ཡོད་པས་དེ་ནི“ཐཱན་འདུས་མཛོད”ཆེན་པོ་ཞིག་ཡིན་ཞེས་ངོ་སྤྲོད་བྱས་ཡོད།
     ནང་སོག་ཏ་ཤིང་ཨན་ལིང་གཙོ་གནད་གཞུང་ཁོངས་ནགས་ལས་དོ་དམ་ཅུས་ཀྱི་འགན་འཁུར་མི་སྣས“ནགས་ལས་ཐཱན་འདུས་ཉོ་ཚོང་ནི་ནགས་ཁུལ་གྱི་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རིར་འགྱུར་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ནང་སོག་ཏ་ཤིང་ཨན་ལིང་གཙོ་གནད་གཞུང་ཁོངས་ནགས་ཁུལ་གྱི་གོམ་སྟབས་རྗེས་མའི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ནང་དོན་ཧ་ཅང་གལ་ཆེན་ཞིག་ཀྱང་ཡིན། གོམ་སྟབས་རྗེས་མར་ང་ཚོས་ཀུང་སི་བཙུགས་ནས་ཆེད་ལས་ཅན་དང་ཁྲོམ་ར་ཅན་གྱི་འཁོར་སྐྱོད་བྱས་ཏེ་ནགས་ལས་ཐཱན་འདུས་ཉོ་ཚོང་གི་གཏིང་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་བརྗིད་ཆགས་ཀྱི་ཤིང་ཨན་ལིང་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་དུས་མཚུངས་ནགས་ཁུལ་ལ་བརྟེན་ནས་ཕྱུག་འགྱུར་ཐུབ་རྒྱུའི་འཆར་གཞི་ཡོད”ཅེས་བརྗོད་པ་རེད།
     ནང་སོག་ཏ་ཤིང་ཨན་ལིང་གཙོ་གནད་གཞུང་ཁོངས་ནགས་ཁུལ་རང་རྒྱལ་གྱི་ཆེས་བྱང་སྣེར་གནས་ཡོད་པ་དང་། ནགས་ལས་སྣོད་བཅུད་ཀྱི་བྱེད་ནུས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་10.67ཟིན་པར་ནགས་ཚལ་དང་། རྩྭ་ཐང་། འདམ་ར་བཅས་རང་བྱུང་སྣོད་བཅུད་མ་ལག་ཆེ་གྲས་གསུམ་ཡོད་པ་དང་ནགས་ཚལ་ཁྱབ་ཚད་78.39%ཟིན་ཡོད། དེ་ནི་མིག་སྔར་རང་རྒྱལ་གྱི་རྒྱུན་འཁྱོངས་ཡག་ཤོས་དང་གཅིག་སྡུད་ཡུག་སྦྲེལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་གཞུང་ཁོངས་ནགས་ཁུལ་ཞིག་ཡིན་པ་རེད།