འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་27ཉིན།

༄༅།།ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་རྒྱུ་དེ་བཀོད་པ་གསར་པ་ཞིག་ཆགས་པར་བྱེད་དགོས།

—— འཐུས་མི་དང་ཨུ་ཡོན་ཚོས་ནུབ་རྒྱུད་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུའི་སྐོར་ལ་གྲོས་བསྡུར་འཁྲུག་པོ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་27ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། 《དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་རྒྱུ་དེ་བཀོད་པ་གསར་པ་ཞིག་ཆགས་པར་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་ཁྲིད་བསམ་འཆར》ཁྱབ་བསྒྲགས་བྱས་རྗེས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ནུབ་རྒྱུད་ས་ཁུལ་གྱི་སྒོ་དབྱེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་བྱེད་ཐབས་རབ་དང་རིམ་པ་སླར་ཡང་བཏོན་ཡོད་པ་རེད། ནུབ་རྒྱུད་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་འཐུས་མི་དང་ཨུ་ཡོན་ཚོས་ཐབས་འདོན་ཇུས་འདོན་ཧུར་ཐག་གནང་བ་རེད།
    ཉེ་བའི་ལོ་ཤས་རིང་ཁྲུང་ཆིང་གིས་གྲངས་གཞི་ཆེ་མོའི་རིག་ནུས་ཅན་སྣེ་ཁྲིད་དུ་བྱས་པའི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ“རིག་སྟོབས་གྲོང་རྡལ་གཙོ་བོ”དང“རིག་ལྡན་གྱི་གྲགས་ཅན་གྲོང་ཁྱེར”བསྐྲུན་ཡོད། 2019ལོར་ཁྲུང་ཆིང་གི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་གནས་ཐང་འཕར་ཁྲལ་12.6%དང་11.6%སོ་སོར་འཕར་བ་དང་། གྲངས་འཛིན་དཔལ་འབྱོར་གྱི་གནས་ཐང་འཕར་ཁྲལ་15%ཙམ་འཕར་ཡོད་པ་རེད།
    “ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱ་མགྱོགས་མྱུར་བསྐྲུན་ནས་དཔལ་འབྱོར་འཕར་གཞི་གསར་པ་གཏོད་ཐུབ་རེ་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲུང་ཆིང་ཕུའུ་ཡུས་ཝུའེ་ཚན་རྩལ་གསར་གཏོད་ལྟེ་གནས་ཚད་ཡོད་ཀུང་སིའི་ལག་བསྟར་ཏུང་ཧྲི་ཀའོ་ཡུས་ཀྱིས་གསུངས་པ་དང་། ཁོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཁྲུང་ཆིང་གིས་སྒོ་དབྱེའི་བགྲོད་ལམ་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་ནས། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་གལ་ཆེན་གྱི་ཡན་ལག་ས་ཚིགས་དང“རྒྱུད་གཅིག་ལམ་གཅིག”དང་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྦྲེལ་མཐུད་ས་ཚིགས་ཀྱི་ནུས་པ་འདོན་སྤེལ་དེ་བས་ལེགས་པ་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
   “ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱས་པ་དེས་ནུབ་རྒྱུད་ས་ཁུལ་དུ་ལྷོ་ཕྱོགས་ནས་མཚོ་སྒྲོལ་འགག་སྒོ་ཞིག་གཏོད་ཐུབ་ནས་ནུབ་རྒྱུད་ས་ཁུལ་གྱི་སྒོ་དབྱེ་འཕེལ་རྒྱས་ལ་ཐབས་ལམ་གསར་པ་མཁོ་འདོན་ཐུབ་སྟེ། ཟོག་འགྲེམས་ཀྱི་ལས་ཕྱོད་ཆེ་རུ་དང་མ་གནས་དམའ་རུ་འགྲོ་རྒྱུ་རེད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀོང་ཤིས་བྱང་རྒྱུད་མཚོ་ཁུག་རྒྱལ་སྤྱིའི་གྲུ་ཁའི་ལས་དོན་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཝུའེ་ཐའོ་ཡིས་གསུངས་པ་རེད།
   “མཚོ་སྔོན་གྱི་ནམ་མཁའ་དེ་བས་གཡའ་དག་པ་དང་། རི་བོ་དེ་བས་སྔོ་ལྗང་། ཆུ་མོ་དེ་བས་དྭངས་བ་བཅས་ཡོད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་དང་ཁོར་ཡུག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་བསྒྱུར་བས་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་སྔོན་འཐུས་མི་ཚོགས་པའི་གསར་འགྱུར་མགྲིན་ཚབ་པ་ཧྲ་ཧྥུང་གིས་གསུངས་པ་རེད།
    “གཙང་གསུམ་ཆུ་འགོ་དང་མདོ་ལ་རིང་མོ་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་བྱེད་ནུས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ཕུགས་ཕན་ལམ་སྲོལ་འཛུགས་དགོས་པ”དང“མཚོ་སྔོན་དུ་རྒྱལ་ཁབ་ཀྱི་གྲངས་འཛིན་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ”ལ་སོགས་མཚོ་སྔོན་གྱི་འཐུས་མི་ཚོགས་པས་འཐུས་མི་ཚོགས་པའི་མིང་ཐོག་ནས་བཏོན་པའི་གྲོས་འགོའི་ནང་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྔར་བཞིན་གཙོ་གནད་ཡིན་པ་རེད།