འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་27ཉིན།

༄༅།།མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལག་ལེན་བསྟར། རྒྱལ་ཁབ་ཆེན་པོའི་འགན་
འཁུར་ཕོད་པའི་འགན་སེམས་ལེགས་པར་མངོན།

—— རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་དང་འདུ་ཤེས་ལ་མོས་བསྟོད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་27ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྐུལ་འདེད་དང་འཐུས་སྒོ་ཚང་དུ་བཏང་བ།
    ཚེས་24ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་གསར་འགོད་པའི་ཚོགས་འདུ་འཚོགས་ཤིང་། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་དབྱིས་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་དང་ཕྱི་ཕྱོགས་འབྲེལ་བའི་སྐོར་གྱི་གནད་དོན་ལ་དམིགས་ནས་ཀྲུང་ཕྱིའི་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད། ཕྱི་རྒྱལ་གྱི་མི་སྣས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་འཐུས་སྒོ་ཚང་དུ་བཏང་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་། ཏོག་གསར་རིམས་ནད་མདུན་དུ་ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལག་ལེན་བསྟར་ཏེ་རྒྱལ་ཁབ་གཞན་དག་ལ་རོགས་སྐྱོར་བྱས་པ་དང་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་བཏང་བར་བསྔགས་བརྗོད་བྱེད་དགོས་པ་ཞིག་ཡོད་ལ། རྒྱལ་ཁབ་ཆེན་པོའི་འགན་འཁུར་བའི་འགན་སེམས་ཀྱང་མངོན་ཡོད་པའི་ངོས་འཛིན་བྱས་པ་རེད།
    མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་ལྷོ་ལྷོ་མཉམ་ལས་ཀྱི་ཆེད་བསྐོས་ཕོ་ཉ་མཉམ་འབྲེལ་རྒྱལ་ཚོགས་ལྷོ་ལྷོ་མཉམ་ལས་གཞུང་དོན་ཁང་གི་ཀྲུའུ་རེན་ཧོར་ཧེ·ཆེ་ཏི་ཁེ་ཡིས། གསར་དར་དཔལ་འབྱོར་དངོས་ཚན་ཡིན་པའི་ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཐད་དེ་བས་གལ་འགངས་ཆེ་བའི་ནུས་པ་འདོན་བཞིན་ཡོད་ཅེས་བརྗོད་པ་རེད།
    ཙམ་པབ་ཝེའི་ཨ་ཧྥེ་རི་ཁ་ལྷོ་རྒྱུད་ཞིབ་འཇུག་དང་ཚད་ལྡན་ཡིག་ཆ་ལྟེ་གནས་ཀྱི་ཞིབ་འཇུག་པ་ཐཱ་ན་ཁཱ·ཆི་ཐེ་སཱ་ཡིས། ཀྲུང་གོས་ཕྱོགས་མང་རིང་ལུགས་དང་འཛམ་གླིང་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་པ་དང་དེ་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། རྒྱལ་སྤྱིའི་གར་སྟེགས་ཐོག་ཀྲུང་གོས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་ཕྱིར་ཕན་ཡོད་ཀྱི་སྐད་ཆ་མང་པོ་ཤོད་ཀྱི་ཡོད་པས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཡིད་ཆེས་དང་མཛའ་མཐུན་ཐོབ་ཡོད་ཅེས་བརྗོད་པ་རེད།
    ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཨ་ལི·ཤིས་ལའར་གྱིས། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་འཛིན་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་བྱེད་པ་དང་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ཏེ་རང་མོས་ཚོང་དོན་དང་གོ་ལ་ཅན་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དར་སྤེལ་གཏོང་བཞིན་ཡོད་པས་འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་མི་སེམས་སུ་གཏིང་ཟབ་ཟུག་ཡོད་ཅེས་བརྗོད་པ་རེད།
    ཆི་ལིའི་ཏེ་ཀོ·པོ་ཐཱ་ལའེ་སི་སློབ་ཆེན་ཆབ་སྲིད་སློབ་གླིང་གི་མཁས་དབང་དང་ཨེ་ཤེ་ཡའི་གནད་དོན་སྐོར་གྱི་རིགས་གཅིག་མཁས་ཅན་ཁང་སི་ཐན་ས·ཧོར་ཁེ་ལཱ་ཡིས། ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བའི་ཐད་འབད་བརྩོན་བྱེད་བཞིན་ཡོད། མིག་སྔར་ཏོག་གསར་རིམས་ནད་ཁྱབ་བཞིན་པའི་རྒྱབ་ལྗོངས་འོག་དེར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།
    རིམས་འགོག་མཉམ་ལས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཁག་གིས་མཉམ་དུ་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱས་པ།
     ཏོག་གསར་རིམས་ནད་གོ་ལ་ཧྲིལ་པོར་ཁྱབ་ནས་རྡབ་རྡེག་ཚབས་ཆེན་དང་འགྲན་སློང་དྲག་པོ་བསླངས་ཡོད། ཕྱི་རྒྱལ་གྱི་མི་སྣས་ཀྲུང་གོའི་རིམས་འགོག་ཐད་ཀྱི་འབད་བརྩོན་ལ་ཚད་མཐོའི་གདེང་འཇོག་བྱས་ཏེ་ཀྲུང་གོས་འཛམ་གླིང་དང་ཉམས་མྱོང་མཉམ་སྤྱོད་བྱེད་པ་དང་། རྒྱལ་ཁབ་གཞན་དག་ལ་རོགས་རམ་བྱེད་པ། རྒྱལ་སྤྱིའི་མཉམ་ལས་སྤེལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་རིམས་འགོག་ལ་ལེགས་སྐྱེས་གལ་ཆེན་ཕུལ་བའི་ངོས་འཛིན་བྱས་ཡོད། ཁོང་ཚོས་མིའི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པས་རྒྱལ་ཁབ་ཁག་གིས་མི་མཐུན་ས་རྒྱབ་ཏུ་བསྐྱུར་ནས་མཐུན་སྒྲིལ་མཉམ་ལས་བྱས་ཏེ་ཐུན་མོང་གི་དགྲ་བོར་མཉམ་དུ་ཁ་གཏད་གཅོག་དགོས་ཞེས་བརྗོད་པ་རེད།
   ཨེ་ཁྭ་ཏོར་གྱི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་ཧྥུའུ་ལང་ཤིས་སེ་ཁོ·ཁཱ་ལི་ཝོང་གིས། རིམས་ནད་མུ་མཐུད་མཆེད་པའི་སྐབས་སུ་ཀྲུང་གོས་སྒེར་སེམས་མེད་པར་རྒྱལ་ཁབ་མང་པོར་སྨན་བཅོས་དངོས་ཟོག་མཁོ་འདོན་བྱས་པ་དང་རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་གོ་ལ་ཧྲིལ་པོའི་རིམས་འགོག་ལ་རོགས་རམ་ཆེན་པོ་བྱས་པ་དེ་ཐོག་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་ཡོད། མིག་སྔར་རྒྱལ་ཁབ་ཁག་གིས་མི་མཐུན་ས་དང་ཕྱོགས་ཞེན་རྒྱབ་བསྐྱུར་བྱས་ཏེ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་རིམས་འགོག་བྱེད་དགོས། “མིང་ཆད་ངན་པ་བཟོ་བ”དང་། སོ་སོའི་འགན་འཁྲི་གཞན་ལ་དཀྲི་བ། ཐ་ན་རིགས་རྒྱུད་རིང་ལུགས་དང་ཕྱི་མི་འབུད་པའི་རིང་ལུགས་འུད་སྒྲོག་བྱེད་པའི་བྱེད་སྤྱོད་དེ་དག་ལས་གོ་ལ་ཧྲིལ་པོའི་རིམས་འགོག་བྱ་གཞག་ལ་རྡུང་རྡེག་ཚབས་ཆེན་ཕོག་རྒྱུ་རེད་ལ། མཐར་མིའི་རིགས་རང་ཉིད་ལའང་གནོད་འཚེ་ཕོག་རྒྱུ་རེད་ཅེས་བརྗོད་པ་རེད།
    ཨོ་སི་ཁྲུ་རི་ཡའི་ཕྱི་འབྲེལ་པུའི་ཀྲུང་གོའི་ལས་དོན་གྱི་མཐོ་རིམ་ཇུས་འདོན་པ་དང་། ཨོ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀེར་ཏེ·ཁཱ་མིང་སི་ཅི་ཡིས། དེང་གི་འཛམ་གླིང་དུ་ཁེར་རྐྱང་རིང་ལུགས་དང་རང་ཕན་རིང་ལུགས་ཕྱོགས་འཛིན་བྱེད་ས་མེད་པར་ངེས་པར་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་དགོས། ཀྲུང་གོས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་སྤེལ་རྒྱུར་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་པར་བསྔགས་བརྗོད་བྱེད་དགོས་པ་ཞིག་ཡོད་ཅེས་བརྗོད་པ་རེད།
    སི་རི་ཡའི་ཆབ་སྲིད་རིགས་གཅིག་མཁས་ཅན་ཧུའུ་སཱ་མུའུ·ཧྲུའུ་ཨའེ་པུའུ་ཡིས། ཀྲུང་གོས་རྒྱལ་ཁབ་གཞན་དག་ལ་རིམས་ནད་འགོག་རོགས་བྱས་ཏེ་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་སྤེལ་རྒྱུར་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་པ་དེ་ཐོག་ནས་རྒྱལ་ཁབ་ཆེན་པོའི་འགན་སེམས་དང་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་མངོན་ཡོད་པའི་ངོས་འཛིན་བྱས་པ་རེད།