འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་27ཉིན།

༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས། ཁོང་ཀོ(ཅིན)དང་ཁོང་ཀོ(པུའུ)ལ་མངགས་གཏོང་
བྱས་པའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་གནས་ཚུལ་ངོ་སྤྲོད་བྱས་པ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་27ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོས་ཉིན་ཤས་གོང་ཁོང་ཀོ(ཅིན)དང་ཁོང་ཀོ(པུའུ)ལ་མངགས་གཏོང་བྱས་པའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
    ཀྲའོ་ལི་ཅན་གྱིས་ཁོང་ཀོ(ཅིན)དང་ཁོང་ཀོ(པུའུ)སྲིད་གཞུང་གི་གདན་ཞུས་ལྟར་ཀྲུང་གོས་ཉིན་ཤས་གོང་རྒྱལ་ཁབ་གཉིས་ལ་ཀྲུང་གོའི་སྨན་བཅོས་རིགས་གཅིག་མཁས་ཅན་12ལས་གྲུབ་པའི་རིམས་འགོག་རིགས་གཅིག་མཁས་ཅན་ཚོགས་ཆུང་མངགས་གཏོང་བྱས་པ་རེད། ཟླ་5ཚེས་12ཉིན་ནས་ཚེས་23ཉིན་བར། ཀྲུང་གོའི་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་ཁོང་ཀོ(ཅིན)རུ་སྤེལ་རེས་དང་གསོ་སྦྱོང་གི་བྱེད་སྒོ་ཐེངས་30ཙམ་སྤེལ་བ་དང་ཆབས་ཅིག་ཁོང་ཀོ(ཅིན)སྲིད་གཞུང་དང་སྨན་བཅོས་སྒྲིག་གཞི་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཐུས་མི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་ཀོ(ཅིན)བརྟན་ལྷིང་ཆེད་མངགས་ཚོགས་པ། དེ་བཞིན་ཁོང་ཀོར་བཅའ་སྡོད་དབྱིན་ཇི་དང་ཧྥ་རན་སེ་སོགས་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅས་དང་སྤེལ་རེས་གཏིང་ཟབ་བྱས་ནས། རིམས་འགོག་གི་ཉམས་མྱོང་མཉམ་སྤྱོད་དང་། ས་གནས་དེ་གའི་སྨན་དོན་མི་སྣ་གསོ་སྦྱོང་། སྡེ་ཁུལ་གྱི་མང་ཚོགས་དང་སྐད་ཆ་ཤོད་རེས། ཕྱོགས་མང་མཉམ་ལས་ལ་སྐུལ་འདེད་བཅས་བཏང་ནས་ཀྲུང་གོས་རོགས་སྐྱོར་བྱ་ཡུལ་ས་ཁུལ་གྱི་རྒྱལ་ཁབ་ཀྱི་སྨན་བཅོས་རུ་ཁག་གིས་ས་གནས་དེ་གར་རིམས་འགོག་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱས་པ་རེད། ཁོང་ཀོ(ཅིན)སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་དེའི་ཐད་ཚད་མཐོའི་གདེང་འཇོག་བྱས་ཡོད། ཁོང་ཀོ(ཅིན)ཡི་ཕྱི་འབྲེལ་པུའུ་ཀྲང་ཐུང་པཱ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཀྲང་མན་ཆའོ་ལུའོ་སོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་ཐུག་འཕྲད་གནང་སྟེ། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ(ཅིན)ལ་རིམས་འགོག་གི་འགག་རྩའི་དུས་སུ་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། བྱེད་ཐབས་དེ་ཐོག་ནས་ཀྲུང་ཁོང་དང་ཀྲུང་ཧྥེའི་དབར་གྱི་མཛའ་གྲོགས་ཟབ་མོ་མཚོན་ཡོད་ཅེས་བསྔགས་བརྗོད་བྱས་པ་རེད། ད་ཐེངས་ཀྲུང་གོ་ཕྱོགས་ཀྱི་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་ཁོང་ཀོ(ཅིན)རུ་ལས་དོན་སྤེལ་རིང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་དང་ཕྱི་འབྲེལ་སྒྲིག་གཞིའི་འཐུས་མི་དང་སྤེལ་རེས་མཉམ་ལས་བྱས་པས་དེ་ནི་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་ཡིན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་རིམས་འགོག་བྱེད་པའི་མིག་དཔེ་ཞིག་བཏོད་ཡོད་ཅེས་བརྗོད།