འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་26ཉིན།

༄༅༎ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་མི་རིཌ་སྐད་ཡིག་ལེ་ཚན་གཉེར་ནས་ལོ་ངོ་70
འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་26ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་མི་རིགས་སྐད་ཡིག་ལེ་ཚན་གཉེར་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད།
     1950ལོའི་ཟླ་5ཚེས་22ཉིན། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་གཏོང་འགོ་ཚུགས་པ་དང་བསྟུན་ནས། ཀྲུང་གོ་གསར་པའི་མི་རིགས་སྐད་ཡིག་དྲིལ་བསྒྲགས་ཀྱི་བྱ་གཞག་དངོས་སུ་འགོ་ཚུགས་པ་ནས་ད་བར་བགྲང་བྱ་བདུན་ཅུ་འདས་ཟིན་ཞིང་། མིག་སྔར་སོག་སྐད་དང་། བོད་སྐད། ཡུ་གུར་སྐད། ཧ་སག་སྐད། ཁྲའོ་ཞན་སྐད་སོགས་མི་རིགས་སྐད་ཡིག་གི་རླུང་འཕྲིན་དང་སྨྱན་སྦྱོར་གསར་པ་སོགས་འདུས་པའི་མི་རིགས་སྐད་ཡིག་ལེ་ཚན་གྱི་དྲིལ་བསྒྲགས་ལས་སྟེགས་མང་པོ་ཞིག་གྲུབ་ཡོད།
     ལོ་ངོ་70སོང་རིང་། མི་རབས་ཁ་ཤས་ཀྱི་མི་རིགས་སྐད་ཡིག་ལས་དོན་པས་ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་དང་། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་བརྩེ་དུང་ཟབ་མོ་འཆང་བཞིན་མི་རིགས་སྐད་ཡིག་ལེ་ཚན་ཡག་པོ་གཉེར་བ་དང་། ཏང་གི་གསུང་སྒྲ་མེས་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་སུ་བརྒྱུད་བསྒྲགས་དང་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས་ཏེ། མཐའ་མཚམས་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་བཅས་ཀྱི་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཐོན་ཁུངས་གཅིག་སྡུད་ཀྱི་ལེགས་ཆ་དང་། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། མི་རིགས་སྐད་ཡིག་ལེ་ཚན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། བློ་རིག་གཅིག་ཏུ་བསྒྲིམ་ནས་དུས་རབས་གསར་པའི་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་པ། མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་དང་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་པའི་གཏམ་རྒྱུད་ཡག་པོ་གླེང་རྒྱུར་སྐུལ་འདེད་བཏང་ཡོད།
     ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཐའེ་ཀྲང་། སྤྱི་ཁྱབ་རྩོམ་སྒྲིག་པ་བཅས་ཡིན་པའི་ཧྲེན་ཧའེ་ཞུང་བཞུགས་མོལ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
     བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ལས་ཁུངས་ཀྱི་མི་རིགས་སྐད་ཡིག་ལེ་ཚན་ལྟེ་གནས་བོད་སྐད་ལེ་ཚན་གྱི་གཞོན་ནུའི་འཐུས་མི་དང་། ཡུ་གུར་སྐད་ལེ་ཚན་གྱི་བློ་མཐུན་རྒན་གྲས་ཀྱི་འཐུས་མིས་ཁག་སོ་སོར་གཏམ་བཤད་སྤེལ་བ་རེད།