འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་27ཉིན།

༄༅།།ཉི་མ་བཀྲ་ཤིས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ནི་བོད་ཀྱི་བུ་ཕྲུག་ཚོའི་ལོ་ངོ་སྟོང་གི་རེ་སྨོན་ཡིན་
ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་25ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཉི་མ་བཀྲ་ཤིས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ནི་བོད་ཀྱི་བུ་ཕྲུག་ཚོའི་ལོ་ངོ་སྟོང་གི་རེ་སྨོན་ཡིན་
ཞེས་བརྗོད་པ།
   མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གསར་འགྱུར་ལ་གཞིགས་ན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཟླ་5ཚེས་24ཉིན་གྱི་ཆུ་ཚོད་9པའི་ཐོག་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་པ་དང་། ཨུ་ཡོན་གྱིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་རེད།
   བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང། ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱི་གཏམ་བཤད།
   དེ་རིང་། ངས་ཁྱེད་རྣམ་པར་གཏམ་བཟང་ཞིག་ཞུ་རྒྱུ་ཡིན། 2019ལོའི་ལོ་མཇུག་ཏུ། བོད་ལྗོངས་ཀྱི་དབུལ་པོའི་མི་འབོར་ཁྲི་62.8ཚང་མ་དབུལ་སྒྲོལ་བྱུང་བ་དང་། དབུལ་པོའི་རྫོང་(ཆུས)74ཚང་མའི་དབུལ་ཞྭ་ཕུད་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་པ་ནས་དུས་ཐུང་ལོ་ངོ་60ཙམ་གྱི་ནང་ལོ་ངོ་སྟོང་བར་བརྒལ་བྱུང་ནས། བོད་ལྗོངས་སུ་ལོ་ངོ་སྟོང་གི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་མེད་པར་བཟོས་ཡོད། ད་ཆ། རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པ་ནི་བོད་ཀྱི་བུ་ཕྲུག་ཚོའི་ལོ་ངོ་སྟོང་གི་རེ་སྨོན་ཡིན་ལ།  དེས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བླ་ན་མེད་པའི་དགེ་མཚན་མཚོན་གྱི་ཡོད།
    ལོ་ངོ་སྟོང་གི་རེ་སྨོན་མངོན་འགྱུར་བྱུང་བས། བོད་ཀྱི་བུ་ཕྲུག་ཚོས་ཏང་དང་རྒྱལ་ཁབ་ཀྱི་དམིགས་བསལ་གཟིགས་སྐྱོང་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་མྱོང་ཚོར་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཇུས་འགོད་དང་བཀོད་སྒྲིག་བྱས་་ནས། བོད་ལྗོངས་ཁྱོན་ཡོངས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་བཅུག་ནས་རྒྱབ་སྐྱོར་བྱས་པས་ཀྲུང་དབྱང་གི་པུའུ་ཨུད་ཁག་དང་། བོད་སྐྱོར་ཁ་གཏད་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་གི་ཁེ་ལས་བཅས་ཀྱིས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས། སྒེར་སེམས་མེད་པར་བོད་སྐྱོར་ཤུགས་ཆེན་བྱས་པ་སྟེ། རིམ་རྩིས་བྱས་ན་བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་མ་དངུལ་སྒོར་དུང་ཕྱུར་ཆིག་སྟོང་ཙམ་བཏང་ཡོད།     བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་གྲུབ་འབྲས་དེ་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བོད་ཀྱི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་དང་བརྩེ་སེམས་ཟབ་མོ་བཅངས་བ་དང་ཁ་འབྲལ་ཐབས་མེད་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཐའ་སྐྱོང་བོད་བརྟན་”གྱི་རྣམ་བཤད་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་གང་ལེགས་བྱུང་བ་མཚོན་གྱི་ཡོད།
     དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད། བོད་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གསར་གཏོད་རང་བཞིན་གྱི་སྒོ་ནས་རིམ་པ་ལྔའི་དབུལ་སྒྲོལ་འགག་སྒྲོལ་གྱི་བཀོད་འདོམས་པུའུ་བཙུགས་ཏེ། གཅིག་སྡུད་གཅིག་གྱུར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པ་དང་། མིའི་རིགས་ཀྱི་དབུལ་ཕོངས་ཉུང་དུ་གཏོང་བའི་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་ཡོད། བོད་ལྗོངས་ནི་སའི་གོ་ལའི་གླིང་སྣེ་གསུམ་པ་ཡིན་པ་དང་། སྨི་4800ཡན་གྱི་ས་བབ་མཐོ་བའི་ས་ཁུལ་དུ་ལོ་ཧྲིལ་པོར་རླུང་གནོན་དམའ་བ་དང་། གསོ་རླུང་མི་འདང་བ། མིའི་རིགས་འཚོ་གནས་བྱེད་རྒྱུ་མི་འཚམ་པ།  གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཞན་པ་དང་འཛུགས་སྐྲུན་གྱི་མ་གནས་མཐོ་བ། དབུལ་སྒྲོལ་གྱི་དཀའ་གནད་ཐད་ས་བབ་དམའ་བའི་ས་ཁུལ་དང་བསྡུར་ན་དཀའ་ཚེགས་དེ་བས་ཆེ་བ་ཡོད་པ་རེད། 
     ས་བབ་ཅུང་དམའ་བའི་ས་ཁོངས་སུ་གནས་སྤོ་བྱས་ནས་མང་ཚོགས་རྣམས་དེ་བས་ལེགས་པའི་སྒོ་ནས་ཐོན་སྐྱེད་དང་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་ནི་བྱེད་ཐབས་ཡག་ཤོས་ཤིག་རེད། འོན་ཀྱང་། མང་ཚོགས་འབོར་ཆེན་ཞིག་ཁྱབ་ཁོངས་ཆེན་པོའི་ངང་གནས་སྤོ་བྱ་རྒྱུ་ནི་ལས་སླ་པོ་ཞིག་མིན། དང་ཐོག་མང་ཚོགས་ཀྱིས་བསམ་ཤེས་མི་བྱེད་པ་དང་།  ཕ་ཡུལ་ནས་བྲལ་འདོད་བྱེད་ཀྱི་མེད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྔར་ལས་ཡག་པ་བྱ་ཆེད་དང་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་མང་ཚོགས་མི་རབས་ནས་མི་རབས་མཐོ་གྲང་གསོ་རླུང་དཀོན་པའི་རྐྱེན་གྱིས་དབུལ་པོར་འགྱུར་བའིགནད་དོན་ཐག་གཅོད་མཐར་ཕྱིན་པ་བྱ་ཆེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཡུལ་གཞན་དུ་གནས་སྤོས་དང་སྣོད་བཅུད་སྲུང་སྐྱོང་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། གནས་སྤོས་དབུལ་སྐྱོར་མི་ཁྲི་26.6ལེགས་འགྲུབ་བྱུང་བའི་རྨང་གཞིའི་ཐོག་ད་དུང་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོས་ལས་གྲྭ་ལག་བསྟར་བྱས་ནས་མི་ཁྲི་13.3གནས་སྤོ་བྱེད་རྩིས་ཡོད། ཤང་5ཡི་མི་5000ལྷག་ཙམ་གནས་སྤོས་ཚོད་ལྟ་བྱས་ཟིན་ཡོད།
     དབུལ་སྒྲོལ་གྲུབ་འབྲས་ཐོབ་དཀའ་ལ་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་བས་ཁག་པོ་ཡོད། རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཞན་པ་དང་། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྨང་གཞི་ཞན་པ། རང་ཉིད་འཕེལ་རྒྱས་གཏོང་བའི་ནུས་པ་ཞན་པ་བཅས་ཀྱིས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་རྒྱུར་དཀའ་ངལ་ཆེན་པོ་བཟོས་ཡོད། དེའི་ཕྱིར། གངས་ལྗོངས་ཀྱི་བུ་ཕྲུག་ཚོས་དཀའ་སྤྱད་ཕྱུག་འགྱུར་གྱི་ནང་གནས་སྒུལ་ཤུགས་མུ་མཐུད་ཆེ་རུ་གཏོང་ནས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་བྱས་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱེད་དགོས། དུས་མཚུངས་སུ།  རྒྱལ་ཁབ་ཀྱིས་“ལོ་ལྔ་ཚན་བཅུ་བཞི་པའི”རིང་མུ་མཐུད་བོད་ལྗོངས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་རོགས་བྱེད་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲོས་འགོ་འདོན་རྒྱུ་ཡིན། ཞིབ་ཕྲའི་གྲོས་འགོ་ནི། ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ནུས་པ་ཆེ་རུ་གཏོང་རྒྱུ་དང་ལུང་གཞུང་གི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤོར་བྱ་ནས། སའི་གོ་ལའི་སྣེ་གསུམ་པ་དང་ཨེ་ཤེ་ཡའི་ཆུ་མཛོད་ཀྱི་ནུས་པ་སྲུང་སྐྱོང་བྱ་རྒྱུ་གཙོ་བོར་འཛིན་ནས། ཡར་ཀླུང་གཙང་པོ་འབབ་རྒྱུད་ཀྱི་སྐྱེ་ཁམས་ནུས་པ་མཐོ་རུ་གཏོང་བ་དང་སྤྱི་ཚོགས་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་མཐུན་སྦྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། བོད་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་ཁྲིད་བྱེད་པའི་འཕར་སྣེ་དང་། མི་འབོར་འོས་འཚམ་གྱི་གཅིག་སྡུད་ཁུལ། ཐོན་ལས་འདུས་ཁུལ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་བཅས་ཀྱི་ལྟེ་བའི་ཁུལ་བསྐྲུན་རྒྱུ་ནས།  ཚན་རྩལ་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་། གཙང་པོ་འབབ་རྒྱུད་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་བོད་ལྗོངས་ཀྱིས་བལྟོས་བཅས་དབུལ་པོ་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་གྱི་གལ་ཆེའི་ཐོན་ལས་རྨང་གཞིར་འགྱུར་བ་བྱེད་དགོས་པ། ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུ་འགན་ལེན་མ་ལག་སྐྲུན་རྒྱུའི་གལ་ཆེའི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག་ཆུང་དུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་སེམས་པ་ཆེ་རུ་གཏོང་དགོས།
    མཇུག་ཏུ་ངས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི་350ཡི་ཚབ་ཞུས་ནས། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བོད་ལྗོངས་མི་དམངས་ལ་ཐུགས་ཁུར་དང་གཅེས་སྐྱོང་། སྒེར་སེམས་མེད་པའི་རོགས་སྐྱོར་བཅས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་སོ་སྲུང་རོགས་རེས་དང་། གསར་འབྱེད་གསར་གཏོད།  དཀའ་ངལ་ལ་མི་སྐྲག་པ་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་ནན་པོ་དང་ཐུགས་ཁུར། རྒྱལ་ཡོངས་མི་དམངས་ཀྱི་བརྩེ་དུང་ཟབ་མོ་བཅས་ལ་དྲིན་ལན་འཇལ་རྒྱུ་ཡིན།