འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་25ཉིན།

༄༅༎པད་མ་འཕྲིན་ལས་ཀྱིས་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་
བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱས་ནས་བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམིགས་
བསལ་ཐུགས་ཁུར་དང་གཟིགས་སྐྱོང་ལ་དྲིན་ལན་འཇལ་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་25ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་པད་མ་འཕྲིན་ལས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད།
     པད་མ་འཕྲིན་ལས་ཀྱིས་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་བྱས་པ་རེད། ཁོང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན། ང་ཚོའི་རྒྱལ་ཁབ་ཀྱིས་དོན་ཆེན་དང་སྒྲུབ་དཀའ་བའི་གནད་དོན་རབ་དང་རིམ་པ་རྒྱུད་ཡོད། ལྷག་པར་དུ་གློ་བུར་དུ་ཐོན་བའི་རིམས་ནད་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་ལ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་སྟེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་འགག་རྩའི་དུས་དང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་འགག་རྩའི་དུས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་མར་ལྟས་ནས་སྟོན་ཁ་ཤེས་པའི་ཤེས་ཚོར་རྣོ་བ་དང་། ཡོད་ཚད་ཁོང་དུ་ཆུད་པའི་འཐབ་ཇུས། བློ་རྩ་བརྟན་ཞིང་བློ་ཐག་ཆོད་པའི་སྙིང་སྟོབས་དང་། ཏང་དང་རྒྱལ་ཁབ་ལ་དྲིན་གཟོ་བའི་འགན་འཁྲི་འཁུར་ཕོད་པ་དང་བདག་མེད་ཀྱི་བསམ་པ། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་པའི་གོ་རྟོགས་དང་བརྩེ་སེམས་བཅས་ལ་བརྟེན་ནས། དར་ཆ་བསྒྲེངས་ཏེ་ཁ་ཕྱོགས་གཏན་འཁེལ་་དང་། གྲུ་གཟིངས་ལ་ཁ་ལོ་སྒྱུར་བའི་སྲོག་ཤིང་དང་གཙོ་འཛིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང་སྙིང་ཐག་པ་ནས་གུས་བཀུར་ཞུ་བཞིན་ཡོད། རྒྱལ་ཡོངས་གོང་འོག་ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན། ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་དང་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ། རིམས་ནད་འགོག་རྒོལ་དམག་འཐབ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་ཅིང་། ཀྲུང་གོའི་སྟོབས་ཤུགས་དང་། ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་ལས་ཆོད་བཅས་མཚོན་ཡོད་པ་དང་། འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་གི་འགན་འཁྲི་འཁུར་སེམས་མཚོན་ཡོད་ཅེས་བརྗོད་པ་རེད།
     ལག་ལེན་ཐོག་ནས་ར་འཕྲོད་བྱུང་བ་ཞིག་ནི། ཏང་ཀྲུང་དབྱང་གིས་རིམས་ནད་ཀྱི་གནས་ཚུལ་ལ་བརྡར་ཤ་བཅད་པ་ནི་རྦད་དེ་ཡང་དག་པ་ཞིག་དང་། ལས་དོན་ཁག་གི་བཀོད་སྒྲིག་ནི་ཧ་ཅང་དུས་ལ་འབབ་པ་ཞིག་ཡིན་པ་དང་། སྤྱོད་པའི་བྱེད་ཐབས་ནི་ནུས་ལྡན་དང་ཕན་ནུས་ལྡན་པ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ངོས་ནས། གནད་དོན་གལ་ཆེན་དང་འགག་རྩའི་དུས་སུ་ཁ་ཕྱོགས་གསལ་སྟོན་དང་ཇུས་ཐག་གཅོད་པའི་ནུས་པ་གང་ལེགས་མངོན་ཡོད་ཅིང་། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་དགེ་མཚན་གང་ལེགས་མངོན་ཡོད། དགེ་མཚན་དེ་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་ཡང་ཡང་བྱུང་ཡོད་ལ་དེ་ནི་རྩོད་ཐབས་བྲལ་བའི་དོན་དངོས་རེད་ཅེས་བརྗོད་པ་རེད།
     པད་མ་འཕྲིན་ལས་ཀྱིས། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་པའི་ཁྲིམས་འཛུགས་ལས་འགན་གལ་ཆེན་ཞིག་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཁྲིམས་སྐྱོང་འཛུགས་སྐྱོང་གི་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་རེད། ཀྲུང་གོ་མི་དམངས་ལ་དངོས་གནས་དབང་བའི་དམངས་དོན་ཁྲིམས་གཞུང་ཞིག་རྩོམ་སྒྲིག་བྱས་པ་དེ། མི་རབས་མང་པོ་ཞིག་གི་ཁྲིམས་སྐྱོང་གི་ཕུགས་འདུན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པ་ནི་དམངས་དོན་བཅའ་ཁྲིམས་གསར་རྐྱང་ཞིག་གཏན་འབེབས་བྱས་པ་མིན་ལ། ཁྲིམས་ལུགས་ཕྱོགས་བསྒྲིགས་སྟབས་བདེ་ཞིག་ཀྱང་མིན་པར། ད་ལྟ་ལག་བསྟར་བྱེད་བཞིན་པའི་དམངས་དོན་བཅའ་ཁྲིམས་ཀྱི་ཚད་གཞིར་རྩོམ་སྒྲིག་དང་དག་བཅོས་བྱས་པ་ཞིག་ཡིན་ཏེ། དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་གཏན་འབེབས་ལ་བཟོ་བཅོས་རྒྱག་པ་དང་འཐུས་ཚང་དུ་བཏང་བ། དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་ནང་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམིགས་སའི་རང་བཞིན་ལྡན་པའི་གཏན་འབེབས་གསར་པ་བྱས་པ་ཞིག་ཡིན་པས། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད། མི་དམངས་ཡོངས་ཀྱིས་ལས་སྒྲུབ་ལས་སྐྲུན་བྱེད་པར་རྫོགས་མཐའ་མེད་པའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་འདོན་སྤྲོད་བྱ་རྒྱུ་ཡིན་པ་མ་ཟད། ད་དུང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་ལམ་ལུགས་ཀྱི་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱ་རྒྱུ་ཡིན་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་ལམ་ཚད་རྡོ་རིང་གསར་པ་ཞིག་ཏུ་འགྱུར་ངེས་རེད་ཅེས་བརྗོད་པ་རེད།
     པད་མ་འཕྲིན་ལས་ཀྱིས་ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་གཟིགས་སྐྱོང་ཟབ་མོ་གནང་གི་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ལྗོངས་ལ་བརྩེ་སེམས་འཆང་བ་དང་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་སེམས་འཆང་སྟེ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ང་ཚོའི་ཏང་གི་བོད་སྐྱོང་མཐའ་སྐྱོང་གི་རིགས་པའི་གཞུང་ལུགས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་རེད། ཁོང་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ནས་སྐོང་འཚོགས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཡིད་ཆེས་བརྟན་པོ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བོད་ལྗོངས་ཀྱི་འཆར་གཞི་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པའི་སྐུལ་མ་གནང་བ་རེད། ང་ཚོས་ངེས་པར་དུ“འདུ་ཤེས་བཞི”ཤུགས་ཆེར་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བྱེད་པ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་གཟིགས་སྐྱོང་ལ་དྲིན་ལན་འཇལ་དགོས་ཞེས་ནན་བཤད་གནང་བ་རེད།