འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་25ཉིན།

༄༅༎སི་ཁྲོན་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་25ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་སི་ཁྲོན་ཞིང་ཆེན་མི་སྤྱི་ཐིང་སོགས་སྡེ་ཚན་བདུན་གྱིས་མཉམ་འབྲེལ་ཐོག《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྔར་བས་སྐུལ་འདེད་གཏོང་བའི་བྱ་ཐབས་བཅུ》བཀྲམ་སྟེ་ཐབས་མང་མཉམ་སྤྱོད་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་བཏང་ཡོད།
     བྱ་ཐབས་ནང་བཏོན་དོན། གཞུང་ཁོངས་ཁེ་ལས་ཀྱི་ལས་མི་བསྡུ་བའི་གཏིང་ཤུགས་སྔོག་འདོན་བྱེད་དགོས། ཞིང་ཆེན་ཁོངས་གཏོགས་དང་ས་གནས་གཞུང་ཁོངས་ཁེ་ལས་ཀྱི་གཏིང་ཤུགས་སྔོག་འདོན་ཧུར་ཐག་བྱེད་པ་དང་མི་སྤྱོད་ཐོན་ཁུངས་ལུགས་མཐུན་བཀོད་སྒྲིག་དང་ལེགས་སྒྲིག་བྱས་ནས་འདི་ལོ་དང་སང་ལོར་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་བའི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། བྱ་ཐབས་ནང་ཁ་གསལ་བསྟན་དོན། ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱི་ལས་ཞུགས་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས། འཕྲོད་བསྟེན་རིམས་འགོག་དང་། སྨན་བཅོས་བདེ་ཐང་། འཚོ་བའི་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་ལས་ཞུགས་ལས་གནས་ཀྱི་གཏིང་ཤུགས་ནུས་ཤུགས་ཡོད་རྒུས་སྔོག་འདོན་བྱས་ནས་ཁེ་ལས་འབྲིང་གྲས་དང་། ཕྲན་ཚེགས་ཁེ་ལས། སྤྱི་ཚོགས་རྩ་འཛུགས་བཅས་ཀྱིས་ལོ་འདི་གར་ཐོན་མཁན་མཐོ་སློབ་སློབ་ཐོན་སློབ་མ་བསྡུས་པ་དང་འབྲེལ་ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་རིགས་ལ་མི་རེར་སྒོར་1000གི་ཚད་གཞི་གཞིར་བཟུང་སྤྲོད་ཐེངས་གཅིག་གི་ལས་ཞུགས་ཁ་གསབ་སྤྲོད་རྒྱུ།
     བྱ་ཐབས་ནང་ད་དུང་གཞི་རིམ་རྣམ་གྲངས་ལ་ལས་མི་བསྡུ་བའི་གཞི་ཁྱོན་ཆེ་རུ་གཏོང་དགོས་པ་བཏོན་ཡོད་ཅིང་། 2020ལོར“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”ལ་མི་1500དང“སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིར”མི་3000བསྡུ་རྩིས་ཡོད་པ་དང་། གྲོང་གསེབ་ཀྱི“དམིགས་བསལ་ལས་གནས་འཆར་གཞིར”དགེ་རྒན་2300བསྡུ་རྒྱུ། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་དུ་མི་24500བསྡུ་རྒྱུ། སློབ་གྲྭ་འབྲིང་ཆུང་དང་། བུ་བཅོལ་ཁང་། འབྲིང་རིམ་ལས་རིགས་སློབ་གྲྭ་བཅས་ཀྱི་དགེ་རྒན་གྱི་ཐོབ་ཐང་ཐད“སྔོན་ལ་ལས་ཀར་ཞུགས་པ་དང་དེ་ནས་ལག་ཁྱེར་ལེན་པའི”དུས་མཚམས་རང་བཞིན་གྱི་བྱ་ཐབས་ལག་ལེན་བསྟར་རྒྱུ་རེད།
     གཞན་ཡང་བྱ་ཐབས་དེས་ད་དུང་ལས་ཁུངས་བྱ་གཞག་ཚན་པར་ལས་མི་བསྡུ་ཤུགས་ཆེ་རུ་གཏོང་རྒྱུ་དང་། སློབ་བསྡུའི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ། མཐོ་སློབ་སློབ་ཐོན་སློབ་མའི་རང་བརྟེན་ལས་གཏོད་ལ་ལྕག་སྐུལ་བྱེད་རྒྱུ། ལས་ཞུགས་དངོས་སྦྱོང་གཞི་ཁྱོན་ཆེ་རུ་གཏོང་རྒྱུ། ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ལས་ཞུགས་འགྲོ་ལུགས་གཉེར་ཐབས་ལེགས་སུ་གཏོང་རྒྱུ། བཀོལ་སྤྱོད་དང་བསྡུ་ཉར་སོགས་ཀྱི་ཐད་ནར་འགྱངས་འོས་འཚམ་བྱས་ནས་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཡིན་པ་རེད།