འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་25ཉིན།

༄༅།།རིམས་ནད་ཁྲོད་ལས་གནས་བརྟན་སྲུང་བྱེད་མཁན་པར་ཙིར་གྱི“མི་དཀྱུས་མ”

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་25ཉིན། 09:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཏོག་གསར་གློ་ཚད་རིམས་ནད་ཐོན་རིང་། པར་ཙིར་གྱི་གྲོང་ཁྱེར་མང་པོ་ཞིག་ཏུ་ལོགས་སུ་འཇོག་པའི་སྲིད་ཇུས་ལག་ལེན་བསྟར་ནས། སློབ་གྲྭ་སློབ་མཚམས་འཇོག་པ་དང་ཀུང་སིའི་ལས་མིས་ཁྱིམ་དུ་གཞུང་དོན་བསྒྲུབས་ཡོད། སྨན་དོན་མི་སྣ་ཕུད། ད་དུང་མི་མང་པོ་དེ་འདྲ་འགའ་ཞིག་གིས་ལས་གནས་བརྟན་སྲུང་བྱས་ནས་རིམས་ནད་ཐོན་རིང་གི་མི་རྣམས་ཀྱི་འཚོ་བ་རྒྱུན་གཏན་ལྟར་ཡོང་བའི་འགན་ལེན་བྱས་ཡོད།
    གྲོང་ཁྱེར་གྱི་གཙང་སྦྲ་བ་མོན་ཏེ་སི།
    ལོ་34ལ་སླེབས་པའི་མོན་ཏེ་སི་པར་ཙིར་གྱི་ནན་ལི་ཨའོ་ཀེ་ལན་ཏེ་མངའ་སྡེའི་ལྟེ་བའི་གྲོང་ཁྱེར་ཨ་ལུའེ་ཀེ་ལི་གྲུ་ཁའི་གྲོང་ཁྱེར་དུ་ལས་ཀ་བྱེད་པ་དང་། ཁོང་ནི་སྲིད་གཞུང་དང་ངལ་རྩོལ་གན་རྒྱ་བཞག་པའི་གཙང་སྦྲའི་ཀུང་སི་ཞིག་གི་བཟོ་པ་ཡིན་ཞིང་། དུད་ཚང་གི་གད་སྙིགས་གཙང་འདྲེན་གྱི་འགན་གཙོ་བོ་འཁུར་གྱི་ཡོད་པ་རེད།
རིམས་ནད་རིང་མི་ཚང་མས་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དགོས་པ་དང་། གཙང་སྦྲ་བས་ཀྱང་དེ་ལྟར་བྱེད་དགོས་ཤིང་། མོན་ཏེ་སིས“ཉིན་ལྟར་ང་ཚོས་ལག་པ་ཡང་སེ་བཀྲུ་བ་དང་། ཅིའུ་ཅིང་གི་དུག་སེལ་ཡང་སེ་བྱེད་པ་དང་རྟག་ཏུ་ཁ་རས་རྒྱག་གི་ཡོད། ད་དུང་ས་ཁོངས་ཁ་ཤས་ཀྱི་ལས་རོགས་ཚོས་འགོག་སྲུང་གྱོན་ཆས་གྱོན་དགོས་ཀྱི་ཡོད། ཀུང་སིས་ཉིན་ལྟར་ལས་མི་ཚང་མའི་གཟུགས་པོར་ཚ་བ་ལྟ་གི་ཡོད་ལ། ཁ་རས་དང་། ཡི་ཙི། ལག་འཁྲུད་འདག་ཁུ་སོགས་མཁོ་ཆས་སྤྲོད་ཀྱི་ཡོད”ཅེས་བརྗོད།
    མོན་ཏེ་སིས་ཁྲོམ་གཞུང་ཞིག་ཏུ་གད་སྙིགས་གཙང་འདྲེན་གྱི་ལས་ཀའི་འགན་འཁུར་ནས་ལོ་4སོང་ཞིང་། མི་མང་པོ་ཞིག་གིས་དམིགས་བསལ་གྱི་དུས་སྐབས་འདིའི་ནང་ཁོང་ཚོའི་ལས་ཀར་བསམ་ཤེས་དང་བརྩི་འཇོག་ཆེན་པོ་བྱེད་པ་དོ་སྣང་བྱུང་བ་རེད། གྲོང་མི་ཚོས་རང་འགུལ་ངང་མོན་ཏེ་སི་དང་ཁོང་གི་ལས་རོགས་དང་གླེང་མོལ་བྱེད་པ་དང་། མོན་ཏེ་སིས“གྲོང་མི་ཚོས་ང་ཚོར་ཁ་རས་ཕུད་རྒྱུ་མེད་པ་དང་། སྤྱོད་ཟིན་པའི་གཙང་ཤོག་ལ་དོ་སྣང་བྱེད་དགོས། གང་ཡིན་ཟེར་ན་གཙང་ཤོག་དེ་དག་ནད་པས་དབྱུགས་སྲིད་པ་ཞིག་ཡིན་པས། ནད་དུག་ཡོད་སྲིད”ཅེས་དྲན་སྐུལ་བྱེད་ཀྱི་འདུག་ཅེས་བརྗོད།
    སྐབས་འགར། སྡེ་ཁུལ་ནང་སྡོད་མཁན་གྲོང་མི་ཁ་ཤས་ཀྱིས་ཞོགས་པ་ལམ་ཟུར་དུ་སྒྲོག་ཙེ་ཆུང་ཆུང་སྒྲིག་ནས་ཞོགས་ཟས་གྲ་སྒྲིག་བྱེད་ཅིང་། གྲོང་མི་ཞིག་གིས“ཁོང་ཚོས་དམིགས་བསལ་གྱི་དུས་སྐབས་འདིར་མུ་མཐུད་ལས་ཀ་བྱེད་ཀྱི་འདུག་པས། འདི་ནི་ཁོང་ཚོས་ལས་གནས་བརྟན་སྲུང་བྱས་པར་ང་ཚོས་ཐུགས་རྗེ་ཆེ་ཞུས་པ་ཙམ་ཡིན”ཞེས་བརྗོད།
    བང་སོར་ལས་ཀ་བྱེད་མཁན་ལ་ལི་ཧྲ།
    ལོ་22ལ་སླེབས་པའི་ལ་ལི་ཧྲ་ཡིས་ཨ་ལུའེ་ཀེ་ལི་གྲུ་ཁའི་གྲོང་ཁྱེར་གྱི་བང་སོ་ཁང་ཞིག་ནང་ལས་ཀ་བྱས་ནས་ལོ་གཉིས་སོང་བ་དང་། དུར་འཇུག་བྱེད་སྒོ་བཀོད་སྒྲིག་གི་འགན་གཙོ་བོ་འཁུར་བ་དང“མཐའ་མའི་རྗེས་འཇུག་གི་ཞབས་འདེགས”ཞུ་གི་ཡོད།
    ལ་ལི་ཧྲས“ད་ཆ། ཏོག་གསར་རིམས་ནད་ཕོག་པའི་ནད་པ་གྲོངས་ནས་དུར་འཇུག་བྱེད་མཁན་ལས་མིས་འགོག་སྲུང་གྱོན་ཆས་གྱོན་དགོས་ཀྱི་ཡོད། འདས་པོ་དུར་འཇུག་བྱེད་སྐབས་འཁྲིས་སུ་གཉེན་ཉེ་མེད་པས། རོ་སྒམ་ཁ་ཕྱེ་གི་མེད། མི་མང་ཆེ་བས་གྲོངས་པའི་གཉེན་ཉེ་དང་མཐའ་འཇུག་གི་ཐུག་འཕྲད་བྱེད་འདོད་ཡོད། དུར་འཇུག་བྱེད་སྒོར་འགྲོ་ཐབས་བྲལ་བའི་གཉེན་ཉེས་དེ་བས་སྐྱོ་སྣང་བྱེད་ཀྱི་ཡོད་པས། དེའི་སྐབས་སུ་ཡིད་གཟབ་ཆེན་པོ་བྱ་རྒྱུ་ནི་དགོས་གལ་ཆེ”ཞེས་བརྗོད།
    ལ་ལི་ཧྲ་སློབ་གྲྭ་འགྲིམ་སྐབས་ནད་སྐྱོང་ཆེད་ལས་སྦྱངས་ཡོད་ལ། རིམས་ནད་ཐོན་རིང་ཆེད་མངགས་གསོ་སྦྱོང་དང་ལེན་བྱས་ཡོད། ཁོ་མོས་ད་ལྟའི་ལས་ཀར་རིམས་ནད་འགོ་བའི་ཉེན་ཁ་ཡོད་པ་ཤེས་ཤིང་། ཁོ་མོས“ངའི་ལས་ཀ་ནི་དགོས་ངེས་ཀྱི་ལས་ཀ་ཞིག་ཡིན་པས། རྒྱུན་གཏན་ལྟར་ལས་ཀར་འགྲོ་དགོས་ཀྱི་ཡོད”ཅེས་བརྗོད་པ་དང་། ཁོ་མོས་རང་དང་མཉམ་དུ་སྡོད་མཁན་ཕ་མར་སེམས་ཁྲལ་ཆེན་པོ་བྱེད་པ་དང་། ཁྱིམ་དུ་ལོག་རྗེས་ཁོང་ཚོ་དང་ཐད་ཀར་འབྲེལ་བ་བྱེད་ཉུང་དུ་གཏོང་གང་ཐུབ་བྱེད་ཀྱི་ཡོད་པ་རེད།
    མྱུར་སྐྱེལ་བ་ལོ་ཕེ་སི།
    ལོགས་སུ་འཇོག་པའི་བྱ་ཐབས་སྤྱད་པའི་གྲོང་ཁྱེར་དུ། མྱུར་སྐྱེལ་བ་ནི་ཁྲོམ་གཞུང་དུ་ལས་བྲེལ་ཆེ་ཤོས་ཀྱི་མི་ཞིག་ཡིན་པ་དང་། ལོ་39ལ་སླེབས་པའི་ལོ་ཕེ་སིས་རིམས་ནད་མ་ཐོན་གོང་ཉིན་ལྟར་ཅ་དངོས་ཐེངས་20ཙམ་སྐྱེལ་བ་དང་། ད་ཆ་ཐེངས་50ཙམ་སྐྱེལ་དགོས་ཀྱི་ཡོད། དེ་དག་མང་ཆེ་བ་ནི་སྒོ་རྩིས་ཚོང་ཁང་དང་སྨན་རྫས་ཚོང་ཁང་ནས་ཉོས་པའི་ཚོང་ཟོག་ཤ་སྟག་རེད།
    ལོ་ཕེ་སིས་ང་རང་ཉིན་ལྟར་ཕྱིར་སྐྱོད་དགོས་པས་ཉེན་ཁ་ཆེན་པོ་ཡོད། མི་གཞན་དང་ཐུག་རེས་མི་བྱེད་པའི་ཆེད་དུ་ངས་མངགས་མཁན་གྱི་ཅ་དངོས་སྒོ་འགྲམ་མམ་ཡང་ན་ཐོག་ཁང་གི་སྒོ་རྩར་བཞག་ནས། ཉོ་མཁན་བློ་བདེ་པོ་ཡོང་བ་བྱེད་ཀྱི་ཡོད་ཅེས་བརྗོད།
    ཅ་དངོས་སྐྱེལ་བའི་རེ་བ་མང་དུ་ཕྱིན་པས། མྱུར་སྐྱེལ་བ་ཚོའི་ལས་ཀའི་དུས་ཚོད་ཀྱང་རིང་དུ་མི་གཏོང་ཀ་མེད་བྱུང་ཞིང་། ལོ་ཕེ་སིས“ང་ཉིན་ལྟར་ལས་ཀ་ཆུ་ཚོད་16ནས་18བར་བྱེད་དགོས་ཀྱི་ཡོད། ཅ་དངོས་མངགས་མཁན་མང་ཆེ་བ་ནི་འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་གྱི་ཁྱིམ་ཚང་དང་ཕྲུ་གུ་ཡོད་པའི་ཁྱིམ་ཚང་ཡིན་པས། ང་ཚོས་སྐྱེལ་གང་ཐུབ་བྱེད་ཀྱི་ཡོད”ཅེས་བརྗོད།
    ལོ་ཕེ་སིའེ་དཀའ་ལས་ཆེ་བའི་ལས་ཀར་གྲུབ་འབྲས་ཐོབ་པ་དང་། ཁོང་ལ་ཉེ་དུས་མངགས་མཁན་གྱི་ཐུགས་རྗེ་ཆེ་དང་སྨོན་འདུན་ཞུ་བའི་འཕྲིན་ཐུང་འབྱོར་བ་དང་། ཐུགས་རྗེ་ཆེ་ཞུ་བའི་འཕྲིན་ཐུང་ཞིག་ནང“ཁྱེད་ཀྱིས་ཚང་མར་ཞབས་འདེགས་ཞུ་སྐབས་བརྟན་པོ་ཡོད་ལ་སྡུག་རུས་ཆེན་པོ་འདུག ང་ཚོས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བྲིས་ཡོད་པ་དང་། སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་མོས་རྡེབ་མང་པོ་ཐོབ་ཡོད། “དེ་དག་ལས་ང་ལ་དྲོ་སྐྱིད་ཆེན་པོ་ཚོར་བྱུང་ལ། ངའི་ལས་ཀའི་སེམས་ཤུགས་ཀྱང་ཆེ་རུ་ཕྱིན་སོང”ཞེས་ལོ་ཕེ་སིས་བརྗོད་པ་རེད།