འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་25ཉིན།

༄༅།།རིན་མེད་བཟའ་བཅའ་མཉམ་སྤྱོད་སྒྲོམ།

—— ཐེ་ལན་གྱི་དམངས་ཚོགས་ཀྱིས་རིམས་ནད་ཐོན་རིང་ཕན་ཚུན་རོགས་རམ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་25ཉིན། 09:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    དགུང་ཟས་སྐབས་ཐེ་ལན་གྱི་རྒྱལ་ས་པང་ཁོག་གི་སུའུ་ཁུན་དབྱི་ལམ་གྱི་སྲང་ལམ་71དུ་བཙུགས་པའི་རིན་མེད་བཟའ་བཅའ་མཉམ་སྤྱོད་སྒྲོམ་གྱི་མདུན་དུ་མི་རྣམས་གཅིག་རྗེས་གཉིས་མཐུད་ངང་བང་སྒྲིག་ནས་བཟའ་བཅའ་ལེན་པར་འགྲོ་ཀྱི་ཡོད།
    ས་གནས་ཁག་གི་མི་སྣས་བཙུགས་པའི་བཟའ་བཅའ་མཉམ་སྤྱོད་སྒྲོམ་དེ་རིགས་མིག་སྔར་ཐེ་ལན་གྱི་ཞིང་ཆེན་77དུ་ཁྱབ་པ་ནས་ཁྱོན་1150བཙུགས་ཡོད་ཅིང་། སྟབས་བདེ་ལ་མངོན་གསལ་མེད་པའི་ངང་བཟའ་བཅའ་མཉམ་སྤྱོད་སྒྲོམ་དེས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་མི་རྣམས་ལ་ཕན་པ་སྐྲུན་བཞིན་ཡོད།
    སུའུ་ཕ་ཅེ་ནི་བཟའ་བཅའ་མཉམ་སྤྱོད་སྒྲོམ་གྱི་གྲོས་འགོ་འདོན་མཁན་ཡིན་ཞིང་། དང་ཐོག་ཁོང་ལ་རང་ཉིད་ཀྱི་གྲོས་འགོ་དེར་དོ་སྣང་ཆེན་པོ་དེ་འདྲ་ཡོང་གི་རེད་བསམ་མྱོང་མེད་ལ། དེར་མི་མང་པོ་དེ་ལྟ་བུའི་རྒྱབ་སྐྱོར་ཐོབ་པའང་བསམ་ཡུལ་ལས་འདས། “ང་ཚོས་བྱེད་ཐབས་འདི་འདྲ་ཞིག་གི་ཐོག་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་མི་རྣམས་ལ་རོགས་པ་བྱེད་བསམ་བྱུང”ཞེས་ཁོང་གིས་བཤད།
    ལོ་37ལ་སླེབས་པའི་སཱ་དབྱིས་ཏན་ཞིམ་འགྱིག་ཤོག་གཅིག་པང་ཁོག་གི་སུའུ་ཁུན་དབྱི་ལམ་གྱི་སྲང་ལམ་71དུ་བཙུགས་པའི་རིན་མེད་བཟའ་བཅའ་མཉམ་སྤྱོད་སྒྲོམ་ནང་བླུགས་ནས་སྦག་སྦག་བཞོན་ཏེ་འགྲོ་རྩིས་བྱེད་སྐབས་གསར་འགོད་པས་ཁོང་བཀག་སྟེ་སྐད་ཆ་དྲིས་པར་ཁོང་གིས“དཀའ་ངལ་ཆེན་པོ་འཕྲད་པའི་མི་རྣམས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་སྐོང་བར་ཕན་འབྲས་ཆུང་ངུ་ཞིག་ཐོན་ན་སྙམ་བྱུང”ཞེས་ངོ་ཚ་སྨིན་པོའི་ངང་བཤད།
    སཱ་དབྱི་ནི་སྲང་ལམ་དེར་ཏན་ཞིམ་ཚོང་མཁན་ཞིག་ཡིན་པ་དང་། ཁོང་གིས་གསར་འགྱུར་ནས་བཟའ་བཅའ་མཉམ་སྤྱོད་སྒྲོམ་དེ་འདྲ་ཞིག་ཡོད་པ་ཤེས་རྗེས་ཉིན་གཉིས་པར་དགེ་སྒྲུབ་མི་སྣའི་བྱ་སྤྱོད་ནང་ཞུགས་པ་རེད། “རྗེས་སུ་ངས་ད་དུང་ཏན་ཞིམ་སྐྱེལ་བར་ཡང་སེ་འགྲོ་གི་ཡིན”ཞེས་བཤད།
    བཟའ་བཅའ་མཉམ་སྤྱོད་སྒྲོམ་བཙུགས་པ་དེས་རིམས་ནད་ཁྲོད་གནོད་འཚེ་ཚབས་ཆེན་ཕོག་པའི་མི་མང་པོར་རོགས་རམ་ཐུབ་ནས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱུང་ཡོད། ལོ་36ལ་སླེབས་པའི་འབར་མ་བ་སཱ་ནུའུ་དང་ལོ་6ལ་སླེབས་པའི་ཁོང་གི་བུས་བཟའ་བཅའ་མཉམ་སྤྱོད་སྒྲོམ་ནས་བཟའ་བཅའ་ལེན་ཐེངས་གཉིས་པ་དེ་ཡིན་པ་དང་། རིམས་ནད་མ་ཐོན་གོང་ཁོང་གྲུ་ཐོག་དབོར་འདྲེན་ཀུང་སི་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་མོད། འོན་ཀྱང་རིམས་ནད་ཐོན་པ་ནས་ད་བར་ཟླ་གཉིས་ལྷག་ཙམ་ལས་ཀར་འགྲོ་ཐུབ་མེད། “ངའི་བཟའ་ཟླ་སྦག་སྦག་བཏང་ནས་འགྲུལ་པ་སྐྱེལ་མཁན་ཁ་ལོ་བ་ཞིག་ཡིན་པས་ཡོང་འབབ་མང་པོ་མེད། བྱས་ཙང་ཉེ་ཆར་ཁྱིམ་ནང་བཟའ་མཁས་འཐུང་མཁས་བྱ་རྒྱུ་ལས་མ་འདས། དེ་རིང་བུ་ཁྲིད་དེ་བུས་བཟའ་འདོད་བྱེད་པ་འགའ་ལེན་པར་ཡོང་བ་ཡིན”ཞེས་བཤད།
    ལོ་40ལ་སླེབས་པའི་ཅེ་སཱ་ཏ་དེ་སྔོན་པང་ཁོག་གྲོང་ཁྱེར་ལྟེ་གནས་ཀྱི་གསོལ་མགྲོན་ཁང་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད། འོན་ཀྱང་རིམས་ནད་ཀྱི་རྐྱེན་པས་ཁོང་ཡང་ད་བར་ལས་ཀར་འགྲོ་ཐུབ་མེད། ཁོང་དང་ཁོང་གི་ཨ་མས་རས་ཁུག་འཁྱེར་ཏེ་བང་བསྒྲིགས་ནས་བཟའ་བཅའ་ལེན་པར་སྒུག་ནས་བསྡད་ཅིང་ཁོང་གིས། “བཟས་རིགས་སྦྱིན་མཁན་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ལས་ང་ཚོ་བཟའ་བཅའ་མཁོ་མཁན་ཚོའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་ཐུབ་སོང”ཞེས་བཤད།
    པང་ཁོག་གི་སུའུ་ཁུན་དབྱི་ལམ་གྱི་སྲང་ལམ་71དུ་བཙུགས་པའི་རིན་མེད་བཟའ་བཅའ་མཉམ་སྤྱོད་སྒྲོམ་གྱི་མདུན་དུ་ཟས་རིགས་ལེན་མཁན་ཇེ་མང་དུ་འགྲོ་བཞིན་འདུག སྣང་ཚུལ་དེ་མཐོང་སྐབས་སུའུ་ཕ་ཅེས“ངའི་བསམ་བློ་གཏོང་སྟངས་དེ་ནོར་མི་འདུག”ཅེས་བརྩེ་སེམས་ཟབ་མོས་བཤད་ཅིང་ཁོང་གིས། “རིམས་ནད་ཐོན་རིང་མི་ཚང་མས་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་འདོད་ཡོད། དེའི་ཐོག་ནས་ཐེ་ལན་དམངས་ཚོགས་ཀྱི་ཕན་ཚུན་རོགས་རམ་སྙིང་སྟོབས་མཚོན་གྱི་ཡོད”ཅེས་བཤད།