འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་24ཉིན།

༄༅༎ཨུ་ཡོན་རིན་ཆེན་རྒྱལ་གྱིས་གོར་མོ་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་
སྔ་ཙམ་སྤེལ་འགོ་འཛུགས་རྒྱུའི་གྲོས་འགོ་བཏོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་24ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། གོར་མོ་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་ནི་ཤིན་ཅང་དང་། མཚོ་སྔོན། སི་ཁྲོན་བཅས་ནུབ་རྒྱུད་ཞིང་ཆེན་གསུམ་དང་དེ་བཞིན་གྲངས་ཉུང་མི་རིགས་ས་ཁུལ་སྦྲེལ་མཐུད་བྱེད་པའི་ལྕགས་ལམ་གྱི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ། ནུབ་བྱང་དང་ལྷོ་ནུབ་ཕྱོགས་ཀྱི་ཕྱི་ཕྱོགས་འགྲིམ་འགྲུལ་སྐྱེལ་འདྲེན་སྦྲེལ་བའི་བགྲོད་ལམ་ཆེན་པོ་ཞིག་ཀྱང་ཡིན་པ་དང་། “དར་གོས་ལམ་བུའི་དཔལ་འབྱོར་ཁུལ”གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་ལྕགས་ལམ་ཁྱབ་ཚད་ཅུང་དམའ་བ་དང་། ལམ་དྲ་ད་དུང་ཆགས་མེད་པས། ལྷོ་ནུབ་ས་ཁུལ་དང་སྦྲེལ་མཐུད་ཐུབ་པའི་སྐྱེལ་འདྲེན་བགྲོད་ལམ་ཆེན་པོ་མེད་པ་རེད། དུས་མཚུངས་སུ། མགོ་ལོག་དང་། མཚོ་ལྷོ། རྨ་ལྷོ། ཡུལ་ཤུལ་སོགས་གྲངས་ཉུང་མི་རིགས་ས་ཁུལ་དུ་ལྕགས་ལམ་ཤར་གཏོང་ཐུབ་མེད་པ་དང་ལམ་དྲ་རྩ་བ་ནས་མེད་པ་རེད། དེར་བརྟེན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རིན་ཆེན་རྒྱལ་གྱིས་གོར་མོ་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་སྔ་ཙམ་སྤེལ་འགོ་འཛུགས་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད།
    གྲོས་འགོའི་ནང་། གོར་མོ་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་ལམ་ཐིག་གོར་མོ་བབས་ཚུགས་ནས་འགོ་ཚུགས་ཏེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བརྒྱུད་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དུ་བསྐྱོད་དེ། ཁྲེང་ཏུའུ་ཡི་འགག་རྩའི་ལྕགས་ལམ་དང་མཐུད་རྒྱུ་དང་། ཁྱོན་ལམ་ཚད་སྤྱི་ལེ་1300ཙམ་ཡོད་པ་རེད། ལམ་ཐིག་དེ་ནི“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”གྱི་འགྲིམ་འགྲུལ་སྐྱེལ་འདྲེན་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”ལྷོ་ནུབ་ས་ཁུལ་དུ་སྐྱོད་པའི་དངོས་ཟོག་སྐྱེལ་འདྲེན་གྱི་མྱུར་བགྲོད་བགྲོད་ལམ་གཙོ་བོ་ཞིག་རེད། རྣམ་གྲངས་འཛུགས་སྐྲུན་གྱིས་ནུབ་བྱང་ལྕགས་ལམ་དྲ་བའི་བཀོད་པ་འཐུས་ཚང་དུ་གཏོང་རྒྱུ་དང་། ལམ་རྒྱུད་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། ལམ་རྒྱུད་ས་ཁུལ་གྱི་རྒྱལ་ཁབ་ས་ཆ་གསར་སྤེལ་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། མིག་སྔར། གོར་མོ་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་པའི་རྒྱལ་ཁབ་ལྕགས་ལམ་གྱི་དུས་ཡུན་རིང་འབྲིང་གི་འཆར་འགོད་ནང་བཅུག་པ་དང་མཚོ་སྔོན་གྱིས་ཀྱང་ཇུས་འགོད་སྡེ་ཚན་ལ་སྔོན་ནས་ཞིབ་འཇུག་ཐུབ་པའི་ཞིབ་འཇུག་ལས་དོན་སྤེལ་རྒྱུའི་མངགས་བཅོལ་བྱས་ཡོད།
    དེར་བརྟེན། རིན་ཆེན་རྒྱལ་གྱིས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་བླང་བྱ་དང་འཚམ་ཆེད། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་བོད་ཁུལ་གྱི་ལྕགས་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། དེ་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི”ཡི་ལྕགས་ལམ་འཛུགས་སྐྲུན་གྱི་འཆར་འགོད་ནང་བཅུག་ནས་གོར་མོ་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་སྔ་ཙམ་དངོས་སུ་སྤེལ་འགོ་འཛུགས་རྒྱུ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི”ཡི་རིང་ལས་འགོ་འཛུགས་ཐུབ་རྒྱུའི་རེ་བ་ཡོད་ཅེས་གྲོས་འགོ་བཏོན་པ་རེད།