འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་23ཉིན།

༄༅།།འཐུས་མི་ཀུའུ་ཆིང་གཡོད་ཀྱིས་བརྗོད་དོན། དཔུང་སྡེའི་དམིགས་བསལ་གྱི་ལེགས་ཆར་བརྟེན་ནས་བོད་རིགས་
ས་ཁུལ་གྱི་ཕྲུ་གུ་དབུལ་པོར“རིག་སྐྱོར”བྱེད་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་23ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་སྨི་སྨི་དང་ཁྲེན་སྒྲོལ། 
   པེ་ཅིང་དུ་མ་སླེབས་གོང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཁའ་དམག་བཟོ་སྐྲུན་སློབ་ཆེན་གྱི་དགེ་རྒན་ཀུའུ་ཆིང་གཡོད་ཀྱིས་ཆེད་མངགས་ཐག་རིང་གི་ས་མཐོར་བསྐྱོད་ཅིང་། དེའི་སྐབས་རིམས་ནད་ལ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་དུས་ཡིན་པས། ཀུའུ་ཆིང་གཡོད་ཀྱིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ། མཚོ་སྔོན་གྱི་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ཀ་རིང་བོད་རིགས་ཤང་དུ་བསྐྱོད་པ་དང་། དེ་གའི་ཕྲུ་གུ་ཚོས་ཁོང་མཐོང་མ་ཐག་འཁྲིས་སུ་བསྐྱོད་ནས“ཨ་མྱེས། ཨ་མྱེས”ཞེས་དགའ་སྤྲོའི་ངང་བོས།
   ཀུའུ་ཆིང་གཡོད་ངོ་ཤེས་མཁན་ཚང་མས་ཁོང་ལ“ཐག་རིང་གི་གཉེན་ཉེ”མང་པོ་ཡོད་པ་ཤེས་ཀྱི་ཡོད། “ཐག་རིང་གི་གཉེན་ཉེ”མང་བའི་ཁར་ལོ་ན་ཆུང་བ་ཚང་མ་ནི་ལོ་བཅུ་ཙམ་རིང་ཁོང་གིས་རོགས་རམ་བྱས་པའི་བོད་རིགས་ས་ཁུལ་གྱི“གྲོགས་པོ་ཆུང་ཆུང”ཤ་སྟག་རེད།
    ལས་འཕྲོ་དེ་འདྲ་ནི་མཚོ་སྔོན་ལ་ཡུལ་སྐོར་དུ་ཕྱིན་པ་ལས་བྱུང་བ་ཞིག་རེད། “དེ་དུས་ཕྲུ་གུ་ཚོས་གྱོན་གོས་ཧྲལ་ཧྲུལ་གྱོན་པ་དང་རྒྱུག་པས་ས་ལ་ཡི་གེ་འབྲི་བཞིན་འདུག ཁོ་ཚོ་ནི་བོད་རིགས་སྤུན་ཟླའི་རེ་བ་ཡིན་ནའང། ཁོ་ཚོའི་སློབ་སྦྱོང་དང་འཚར་ལོངས་ཀྱི་ཁོར་ཡུག་ཧ་ཅང་ཞན”ཞེས་སྐབས་དེའི་གནས་ཚུལ་བློ་ལ་འཆར་སྐབས་ཀུའུ་ཆིང་གཡོད་ཀྱིས་མིག་ལ་མཆི་མ་འཁོར་བཞིན་དེ་ལྟར་བརྗོད།
   ལས་ཁུངས་སུ་ལོག་རྗེས་ཁོང་གིས་འཕྲལ་མར་ཞལ་འདེབས་རྒྱག་པའི་གྲ་སྒྲིག་བྱས་པ་དང་། ཞལ་འདེབས་ཀྱི་དངོས་ཟོག་ཁག་དང་པོ་གྲོགས་པོ་ཆུང་ཆུང་ཚོའི་ལག་ཏུ་མགྱོགས་མྱུར་འབྱོར་བ་དང་། སང་ལོར་ཁོང་ཡང་བསྐྱར་ས་མཐོར་བསྐྱོད་ནས། ཞལ་འདེབས་ཀྱི་དངོས་ཟོག་རྗེས་མ་དེ་དག་ཀྱང་ཕྲུ་གུའི་ལག་ཏུ་འཕྲོད་པར་བྱས་ཡོད།
   ཀུའུ་ཆིང་གཡོད་ཀྱིས་ཚེ་གང་རིང་བརྗེད་པར་དཀའ་བའི་གནས་ཚུལ་ཞིག་ནི། ཡུལ་མི་ཚོས་རང་འགུལ་ངང་ཀྱག་ཀྱོག་གི་རི་ལམ་ཟུར་དུ་སྨི་1000ཙམ་ཟིན་པའི་གྲལ་རིང་པོ་ཞིག་བསྒྲིགས་ཏེ་ཁོང་ལ་བསུ་བ་ཞུས་པ་དང་ཁ་བཏགས་སེར་པོ་གཡོགས་པ་དེ་རེད། སློབ་གྲྭར་སླེབས་རྗེས་ཁོང་གིས་སློབ་གྲྭའི་གཅེས་སེམས་ཚོགས་པ་དང་པོ་དེ་འཛུགས་རྒྱུའི་གྲོས་འགོ་བཏོན་པ་མ་ཟད། “ཁ་བཏགས་སེར་པོ”ཞེས་པའི་མིང་སྙན་པོ་ཞིག་ཀྱང་བཏགས།
    ལོ་བཅུ་གཉིས་ལ་སླེབས་པའི་བོད་རིགས་བུ་མོ་དབང་མོ་ལ་ལྷན་སྐྱེས་ཀྱི་ནད་ཕོག་ནས་བཙོག་པ་འཚོག་གི་མེད་པས། ཉིན་གཅིག་ལ་གོ་ཐུང་ཐེངས་བདུན་བརྒྱད་ཙམ་བརྗེ་དགོས་ཀྱི་ཡོད། “ཨ་མྱེས”ཀྱི་སེམས་པ་རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་བཞིན་དུ་གྱུར་ནས་ཤིས་ཨན་ལ་ལོག་རྗེས། གང་སར་སྨན་པ་འཚོལ་བར་ཕྱིན་པ་དང་། བཅོས་ཐབས་ཡོད་པ་ཤེས་རྗེས་ཁོང་གིས་དབང་མོ་འཕྲལ་དུ་ཤིས་ཨན་ལ་བསུས་པ་དང་། གཤགས་བཅོས་ཆུ་ཚོད་དྲུག་བསྟུད་མར་བྱེད་རིང་ཁོང་གིས་གཤགས་བཅོས་ཁང་གི་སྒོ་རྩར་བསྒུགས་ནས་བསྡད་པ་རེད།
    གཤགས་བཅོས་ལེགས་གྲུབ་བྱུང་ནས་ཀུའུ་ཆིང་གཡོད་ལ་དགའ་སྤྲོ་རབ་ཏུ་འཕེལ་བ་ནི་སྨན་ཁང་གིས“ཁ་བཏགས་སེར་པོ”གཅེས་སེམས་ཚོགས་པ་དང་མཉམ་དུ་དབང་མོའི་སྨན་རིན་ཚང་མ་གཏོང་རྒྱུའི་ཐག་བཅད་པ་དེ་རེད། གཤགས་བཅོས་བྱས་རྗེས་དབང་མོས“ཨ་མྱེས”ཀྱིས་བསྐོལ་བའི་བྱ་ཤའི་ཐང་འཐུང་རྒྱུ་བྱུང་བ་དང་། ཁོ་མོའི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར།
   མཉམ་འཛོམས་ནི་སྤྲོ་སྣང་ལྡན་པ་ཞིག་རེད་ཨང་། “ཁ་བཏགས་སེར་པོ”སློབ་ཆེན་གྱི་དགེ་སློབ་དང་དཔོན་དམག་ཚང་མའི་རང་རང་གི་གཅེས་སེམས་མཚོན་ཡུལ་ཞིག་ཏུ་གྱུར་ཡོད་ལ། ཕྲུ་གུ་92མཁའ་དམག་བཟོ་སྐྲུན་སློབ་ཆེན་གྱི“ཁྱིམ་ཚང་ཆེ་མོའི”གཉེན་ཉེར་གྱུར།
    ཀུའུ་ཆིང་གཡོད་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས། རང་ཉིད་ཀྱིས་དཔྱད་གཞི་འཚོལ་བ་དང་བརྟག་དཔྱད་ཞིབ་འཇུག་རྒྱ་ཁྱབ་བྱས་ཏེ། དམག་སྡེའི་སློབ་གླིང་དང་སློབ་ཆེན་གྱི་ཏང་འཛུགས་སྐྱོང་དང་། ཚན་རྩལ། ཤེས་ལྡན་པ་སོགས་ཀྱི་བྱེད་ནུས་ལེགས་ཆ་བཏོན་ནས་བོད་རིགས་ས་ཁུལ་གྱི་ཕྲུ་གུར་རོགས་རམ་ཇི་ལྟར་བྱ་རྒྱུར་དམིགས་ཏེ་ཇུས་འདོན་ཐབས་འདོན་ལ་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བཤད།