འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་27ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པད་རྒྱལ་བཀྲ་ཤིས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་
ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འབྲས་བུ་སྲ་བརྟན་དུ་གཏོང་དགོས་པ་བརྗོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་22ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པད་རྒྱལ་བཀྲ་ཤིས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་
ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འབྲས་བུ་སྲ་བརྟན་དུ་གཏོང་དགོས་པ་བརྗོད།
   མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་21ཉིན། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། མི་དམངས་དྲ་བས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཁུལ་གྱི་འགོ་འཛིན་པད་རྒྱལ་བཀྲ་ཤིས་ལ་ཆེད་དོན་བཅར་འདྲི་བྱས་ནས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ས་ཁུལ་གྱི་འཕེལ་རྒྱས་གྲུབ་འབྲས་དང་། སྐྱེ་ཁམས་སྲུང་སྐྱོང་། དབུལ་སྒྲོལ་འགག་སྒྲོལ། ཚོགས་འདུ་གཉིས་ཀྱི་གྲོས་གཞི་སོགས་དྲ་གྲོགས་ཚོས་དོ་ཁུར་བྱེད་པའི་བརྗོད་གཞིར་ལན་བརྒྱབ་ཡོད།
    གསར་འགོད་པའི་དྲི་བ། མགོ་ལོག་ཁུལ་དུ་ཉེ་བའི་ལོ་འགའི་ནང་སྐྱེ་ཁམས་སྲུང་སྐྱོང་ལྗང་མདོག་འཕེལ་རྒྱས་ཀྱི་སྔོན་འགྲོའི་འོག འཕེལ་རྒྱས་གྲུབ་འབྲས་གང་ཐོབ་ཡོད་དམ།
    པད་རྒྱལ་བཀྲ་ཤིས་ཀྱི་ལན། ཉེ་བའི་ལོ་འགའི་ནང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མགོ་ལོག་ཁུལ་སྒྱུར་བཅོས་འཕེལ་རྒྱས་ལོ་རྒྱུས་ཆེས་བཟང་བའི་དུས་སྐབས་སུ་བསྐྱོད་ཡོད་པ་རེད། ང་ཚོའི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལ་མངོན་གསལ་དོད་པའི་ལེགས་བཅོས་བྱུང་ཡོད། གསེར་མགོ་(གསེར་ཆེན་རྫོང་ནས་ཡུལ་ཤུལ་བར)མྱུར་བགྲོད་གཞུང་ལམ་དང་། ཧྭ་ཅུའུ་མྱུར་བགྲོད་གཞུང་ལམ། རྟ་པད་གཞུང་ལམ་བཅས་བསྟུན་མར་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། “གཞུང་གཉིས་འཕྲེད་གསུམ”གྱི་འགྲིམ་འགྲུལ་ལམ་ཐིག་གཙོ་བོའི་དྲ་རྒྱ་ཉིན་བཞིན་འཐུས་ཚང་དུ་སོང་ནས། མགོ་ལོག་ཁུལ་དུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད། ཁུལ་ནང་དུ་ཀན་སུའུ་རྨ་ཆུ་དང་། སི་ཁྲོན་རྔ་བ། གསེར་རྟ། སེར་ཤུལ་བཅས་ས་ཁུལ་5དང་ཕན་ཚུན་འབྲེལ་མཚམས་ཀྱི་འབྲེལ་མཐུད་གཞུང་ལམ་གྱི་མ་ལམ་སྐྲུན་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། རྨ་ཆེན་གནམ་ཐང་དུས་ཆད་ལྟར་ཤར་གཏོང་ཐུབ་ནས། མགོ་ལོག་ཁུལ་གྱི་མཁའ་འགྲུལ་སྐྱེལ་འདྲེན་གྱི་དུས་རབས་གསར་པ་འགོ་བརྩམས་ཡོད། མཁའ་འགྲུལ་ལས་རིགས་ལ་ཚད་བརྒལ་ཆེན་པོ་བྱུང་ཡོད་པ་རེད། མིག་སྔར། ཟི་ལིང་ནས་མགོ་ལོག་དང་། ཟི་ལིང་ནས་མགོ་ལོག་དང་དེ་ནས་ལྷ་སའི་བར་གྱི་ལམ་ཐིག་ཤར་གཏོང་ཐུབ་ཟིན་པ་དང་། གནམ་གྲུའི་སྤ་སེའི་རིན་གོང་དམའ་བས་ཞིང་འབྲོག་མང་ཚོགས་ཀྱིས་མཁའ་འགྲུལ་ལས་རིགས་འཕེལ་རྒྱས་ཀྱི་ཕན་བདེ་དང་སྟབས་བདེ་ཚོར་ཐུབ་ཡོད། དུས་མཚུངས།  ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། གཞན་ཡང་། གྲོང་རྡལ་དང་ཤང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྡོད་ཁང་འགན་སྲུང་། གློག་སྤྱོད་འགན་སྲུང་། སློབ་གསོའི་བྱ་གཞག་སོགས་ཚང་མར་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།
    གསར་འགོད་པའི་དྲི་བ། 2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག  ཁྱེད་ཀྱིས་འཐུས་མིའི་བགྲོད་ལམ་དུ་གསར་འགོད་པའི་དྲི་བར་ལན་བསྐྱོན་སྐབས།  “སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་མི་ཚང་མའི་སེམས་སུ་ཡོད་པ་བྱས་ནས་མི་ཚང་མའི་རང་འགུལ་གྱི་བྱ་སྤྱོད་དང་སྤྱོད་ལམ་དུ་འགྱུར་བ་བྱ་རྒྱུ་ཡིན་”པ་བསྟན་ཡོད་པས་མགོ་ལོག་བས་ཇི་ལྟར་ལག་བསྟར་བྱས་ཡོད་དམ།
    པད་རྒྱལ་བཀྲ་ཤིས་ཀྱི་ལན། ང་ཚོས་གཙོ་བོ་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་དང་ལྗང་མདོག་གི་རིན་ཐང་ལྟ་བའི་སློབ་གསོ། དེ་བཞིན་རིམ་པ་མང་བའི་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་པ་བརྒྱུད། ལས་བྱེད་པ་དང་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས། ཁོང་ཚོས་སེམས་གཏིང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་རང་ཉིད་ཀྱི་བྱ་བ་དང་མི་ཚང་མའི་བྱ་བར་བརྩིས་ཏེ། ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སྔར་བས་ཆེ་རུ་ཕྱིན་ནས། མི་ཚང་མས་སྐྱེ་ཁམས་ལ་དོ་ཁུར་དང་། སྐྱེ་ཁམས་ལ་ལེགས་སྐྱེས་འབུལ་བ། སྐྱེ་ཁམས་སྲུང་སྐྱོང་བྱེད་པ། སྐྱེ་ཁམས་འཕེལ་རྒྱས་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་ཡོད་པ་དང་། སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད།
    གསར་འགོད་པའི་དྲི་བ། 2020ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་མཇུག་བསྡུའི་ལོ་རེད། མགོ་ལོག་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་ཐད་ཉམས་མྱོང་བཟང་པོ་གང་དག་བསགས་ཡོད་དམ། གྲུབ་འབྲས་གང་དག་ཐོབ་ཡོད་དམ།
    པད་རྒྱལ་བཀྲ་ཤིས་ཀྱི་ལན། ལོ་5ཡི་ནང་། མགོ་ལོག་ཁུལ་གྱིས་རིམ་བརྩིས་བྱས་ན་སྒོར་དུང་ཕྱུར་100.2བཏང་ནས། ནུས་ཤུགས་ཆེན་པོས་ཡུལ་གཞན་དུ་གནས་སྤོས་དང་། ཐོན་ལས་དབུལ་སྐྱོར། སྐྱེ་ཁམས་དབུལ་སྐྱོར། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས་ལག་བསྟར་ཤུགས་ཆེན་བྱས་པ་དང་། གནད་སྨིན་དབུལ་སྒྲོལ་ཕན་འབྲས་ལྡན་པའི་ངང་ལག་བསྟར་བྱས་པ་བརྒྱུད། ཁུལ་ཡོངས་སུ་རིམ་བརྩིས་བྱས་ན་དབུལ་པོའི་མི་འབོར་ཁྲི་4.8བརྟན་པོའི་ངང་དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་74དབུལ་པོའི་གནས་ལས་སྒྲོལ་བ། དབུལ་པོའི་རྫོང་6ཁྱོན་ཡོངས་ནས་དབུལ་སྒྲོལ་ཐུབ་སྟེ་དབུལ་ཞྭ་ཕུད་པས་དབུལ་པོར་འགྱུར་ཚད་31%ནས་0བར་ཆག་ཡོད།  དབུལ་པོ་དབུལ་རྐྱང་གི་མི་འབོར་ཚང་མ་“དབུལ་སྒྲོལ”ཐུབ་པ་བྱུང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱས་བས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་གདིངས་ཡོད།
    གསར་འགོད་པའི་དྲི་བ། ད་ལོའི་ཚོགས་འདུ་གཉིས་ཀྱི་ཐོག་ཁྱེད་ཀྱིས་དོ་སྣང་བྱ་ཡུལ་གཙོ་བོ་གང་དག་ཡོད་དམ།
   པད་རྒྱལ་བཀྲ་ཤིས་ཀྱི་ལན། ངས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དེ་ཇི་ལྟར་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ་དང་། སྤུས་ཚད་མཐོ་བའི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མངོན་འགྱུར་བྱ་རྒྱུ། སྤུས་ཚད་མཐོ་བའི་ངང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དེ་བཞིན་མཐའ་ཁུལ་གྱི་མི་རིགས་ས་ཁུལ་གྱི་ཤང་དང་གྲོང་རྡལ་གྱི་རྨང་གཞི་སྒྲིག་བཀོད་དང་སྤྱི་བའི་ཞབས་ཞུའི་ནུས་པ་ཇེ་མཐོར་བཏོང་བ། སྤྱི་བའི་འཕྲོད་བསྟེན་འཕྲལ་བསྟུན་དོ་དམ་མ་ལག་འཛུགས་སྐྲུན་བཅས་ཐད་ཀྱི་གནད་དོན་ལ་དོ་སྣང་བྱ་རྒྱུ་ཡིན།