འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་22ཉིན།

༄༅།།རི་ཁུག་གི་གྲོང་ཚོར་བསྐྱོད་དེ་བདེ་ཐང་དབུལ་སྐྱོར་ལ་རམ་འདེགས་བྱས་པ།

—— རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དབྱིར་ཀྲ་ཐེ·ཀྲ་ཏའི་འགན་སྒྲུབ་གཏམ་རྒྱུད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་22ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབྱིར་ཀྲ་ཐེ·ཀྲ་ཏས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱས་ཤིང་། ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམག་འཐབ་མཇུག་ཤོས་རྒྱག་པའི་འགག་རྩའི་དུས་སུ་ཁོང་འཕྲལ་མར་ཤིན་ཅང་ལྷོ་རྒྱུད་ཀྱི་རི་ཁུག་གྲོང་ཚོར་བསྐྱོད་པ་དང་། དཔུང་ཁག་གི་སྣེ་ཁྲིད་ནས་ས་གནས་དེ་གའི་མང་ཚོགས་དབུལ་པོར་སྨན་བཅོས་ཞབས་འདེགས་ཞུས་ཏེ་བདེ་ཐང་དབུལ་སྐྱོར་ལ་རམ་འདེགས་བྱས་པ་རེད།
    དབུལ་སྒྲོལ་འགག་སྒྲོལ་མཇུག་འགྲིལ་གྲབས་ཡོད་པ་དང་སྦྲགས་དབྱིར་ཀྲ་ཐེ·ཀྲ་ཏས་རང་སྐྱོང་ལྗོངས་རིམ་པའི་སྨན་བཅོས་རུ་ཁག་གི་སྣེ་ཁྲིད་དེ་ཤིན་ཅང་ཡོངས་ཀྱི་དབུལ་ཞྭ་ཕུད་མེད་པའི་རྫོང་10ཡི་གྲས་ཤིག་ཡིན་པའི་ཕི་ཧྲན་རྫོང་དུ་བསྐྱོད་ནས་ས་གནས་དེའི་དབུལ་སྒྲོལ་བྱུང་མེད་པའི་དུད་ཚང་དབུལ་པོ་386ལ་ནད་ཡམས་གྲལ་བཤེར་བྱས་ཏེ་སྨན་བཅོས་ཞབས་འདེགས་ཞུས་པ་རེད།
    དེའི་རིང་། དབྱིར་ཀྲ་ཐེ·ཀྲ་ཏས་ཚང་མའི་སྣེ་ཁྲིད་དེ་གྲོང་ཚོར་སྤྱི་པའི་འཕྲོད་བསྟེན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ། གྲོང་མི་དང་མཉམ་དུ་སྒོ་ར་དང་སྡོད་ཁང་ལ་གཙང་སྦྲ་བྱེད་པ་དང་། རྩྭ་དང་མེ་ཏོག་བཏབ་པ་རེད། “གཙང་སྦྲར་དོ་སྣང་བྱེད་པའི་གོམས་གཤིས་དང་འཚོ་བའི་ཁོར་ཡུག་ཡག་པོ་ཞིག་དགོས་པ་ནི་ནད་ཡམས་སྔོན་འགོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། ང་ཚོས་རང་ངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་སྐུལ་ཁྲིད་ཀྱི་ནུས་པ་ཐོན་ཐུབ་པའི་རེ་བ་ཡོད”ཅེས་དབྱིར་ཀྲ་ཐེ·ཀྲ་ཏས་བརྗོད།
    ཤིན་ཏུ་དབུལ་པོའི་ས་ཁུལ་དུ་དུས་ཡུན་རིང་པོར་ཞིབ་འཇུག་བརྟག་དཔྱད་བྱས་པའི་ཉམས་མྱོང་དང་བསམ་གཞིགས་ལས། དབྱིར་ཀྲ་ཐེ·ཀྲ་ཏའི་འདི་ལོའི་གྲོས་གཞི་མང་པོ་ཞིག་གྲོང་གསེབ་ཀྱི་བདེ་ཐང་དབུལ་སྐྱོར་གྱི་སྐོར་ཡིན་པ་དང་། ཁོང་གིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་མ་ལག་གི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ནང་དོན་ཐད་ཀྱི་འབྲེལ་ཡོད་གྲོས་གཞི་གྲ་སྒྲིག་བྱས་ཡོད་པ་རེད།
    དབྱིར་ཀྲ་ཐེ·ཀྲ་ཏས། མི་སེར་གྱི་བདེ་ཐང་གནས་ཚུལ་ནི་འགུལ་རྣམ་ཅན་ཞིག་ཡིན་པས་དབུལ་སྒྲོལ་བྱུང་ཡང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་མ་ལག་གི་ནུས་པ་ཆེ་རུ་གཏོང་རྒྱུར་དགོས་པ་ཆེན་པོ་ཡོད་པས་དེ་ནི་ང་ཚོས་རྒྱུན་མཐུད་འབད་བརྩོན་བྱེད་པའི་ཁ་ཕྱོགས་ཤིག་ཡིན”ཞེས་བརྗོད།