འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་22ཉིན།

༄༅༎ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས“རྒྱལ་སྤྱིའི་ཇའི་ཉིན་མོ”ཐོག་མ་དེར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་22ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་21ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་5ཚེས་21ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འཁེལ་བྱས་པའི“རྒྱལ་སྤྱིའི་ཇའི་ཉིན་མོ”ཐོག་མ་དེ་ཡིན་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱལ་སྤྱིའི་ཇའི་ཉིན་མོའི”རིམ་སྤེལ་བྱེད་སྒོར་འཕྲིན་ཡིག་སྤྲིངས་ནས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་ཇ་ནི་ཀྲུང་གོ་ནས་དར་བ་དང་འཛམ་གླིང་ཧྲིལ་པོར་དར་ཁྱབ་ཆེན་པོ་བྱུང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས“རྒྱལ་སྤྱིའི་ཇའི་ཉིན་མོ”གཏན་འཁེལ་བྱས་པ་དེ་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཇ་ལོའི་རིན་ཐང་ལ་ཁས་ལེན་དང་མཐོང་ཆེན་བྱས་པ་མཚོན་པ་དང་། དེས་ཇའི་ཐོན་ལས་དར་རྒྱས་དང་ཇའི་རིག་གནས་དར་སྤེལ་གཏོང་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ཇ་ལོ་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་རྒྱལ་ཁབ་ཆེ་མོ་ཞིག་ཡིན་པའི་ངོས་ནས་ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་ཇའི་ཐོན་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཇའི་རིག་གནས་མཉམ་འདྲེས་དང་ཕན་ཚུན་དཔྱད་གཞིར་ཡག་པོ་འཛིན་ཏེ་མི་དེ་བས་མང་བས་ཇའི་སྐོར་ཤེས་པ་དང་། ཇ་ལ་དགའ་ཞེན་བྱེད་པ། ཇའི་བྲོ་བ་དང་ཇའི་ཉམས་འགྱུར་མཉམ་རོལ། མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སྤྱོད་བཅས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
     ཇ་ནི་འཛམ་གླིང་གི་བཏུང་བྱ་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་ཞིང་། གོ་ལ་ཧྲིལ་པོར་ཇ་ལམ་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་དང་ས་ཁུལ་60ལྷག་ཙམ་ཡོད་པ་དང་ཇ་འཐུང་མཁན་མི་འབོར་དུང་ཕྱུར་20ལྷག་ཙམ་ཡོད། 2019ལོའི་ཟླ་12པར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ལོ་རེའི་ཟླ་5ཚེས་21ཉིན་ནི“རྒྱལ་སྤྱིའི་ཇའི་ཉིན་མོར”གཏན་འཁེལ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ནས་ཇ་ལོའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་རིན་ཐང་ལ་བསྔགས་བརྗོད་བྱས་ཏེ་གོ་ལ་ཧྲིལ་པོའི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། འདི་ལོའི“རྒྱལ་སྤྱིའི་ཇའི་ཉིན་མོའི”རིང་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་ཀྲེ་ཅང་ཞིང་ཆེན་སྲིད་གཞུང་དང་མཉམ་དུ“ཇ་དང་འཛམ་གླིང་། མཉམ་དུ་ལོངས་སྤྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་དྲ་རྒྱའི་ཐོག་དྲིལ་བསྒྲགས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་ཡོད།