འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་22ཉིན།

༄༅༎ལམ་ལུགས་ཀྱི་ལེགས་ཆ་ཧུར་ཐག་འདོན། འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ།

—— རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་22ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     དབྱར་དུས་རྩི་ཤིང་ལོ་འདབ་རྒྱས། ནམ་དུས་ཡག་ཤོས་ཤར་འགོ་ཚུགས། དེ་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་ཁྲོད་འགོ་ཚུགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ། པེ་ཅིང་དུ་ལྷན་འཛོམས་ཀྱིས་མཉམ་དུ་རྒྱལ་དོན་ལ་གྲོས་མོལ་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ཐབས་ཇུས་བཏིང་སྟེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་སྤྱི་འདོམས་དང་སེམས་ནུས་གཅིག་ཏུ་སྒྲིལ་འགོ་ཚུགས་ཡོད། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན།
     བྱ་བ་སྒྲུབ་སླའི་བསམ་བློ་སྤོང་། དཀའ་ངལ་ཡོད་བཞིན་མདུན་དུ་སྐྱོད། འདས་ཟིན་པའི་ལོ་གཅིག་ནང་། རང་རྒྱལ་གྱི་འཕེལ་རྒྱས་ལ་དཀའ་ངལ་དང་འགྲན་སློང་སྣ་ཚོགས་འཕྲད་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་འགག་སྒྲོལ་དཀའ་སེལ་དང་། ལོ་འཁོར་གྱི་དམིགས་ཚད་དང་ལས་འགན་གཙོ་བོ་ལེགས་སྒྲུབ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་ཐག་གཅོད་རང་བཞིན་གྱི་རྨང་གཞི་བཏིང་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་བ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ཡག་པོ་རྒྱག་པར་འགོ་ཁྲིད་གནང་ཡོད།
     དཀའ་བ་ཚད་མེད་སྤྱད་པ་བརྒྱུད། ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་དང་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། རིམས་ནད་འགོག་རྒོལ་དམག་འཐབ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པ་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། མི་དམངས་ཀྱིས་དོ་ཁུར་བྱེད་སར་ལན་ཧུར་ཐག་བཏབ་པ་དང་། མང་ཚོགས་ཚོས་སེམས་ཁུར་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བས། ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མིའི་ལས་དོན། ཕྱི་ཕྱོགས་འགྲོ་འོང་། རང་ངོས་འཛུགས་སྐྱོང་སོགས་ཚང་མར་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པ་ཐོབ་ཡོད། ལྷག་པར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་བཞིན་འགན་འཁྲི་བསྒྲུབས་ཏེ། 《རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་ཉོ་ཚོང་བྱ་རྒྱུ་ཕྱོགས་ཡོངས་ནས་གཏན་འགོག་བྱེད་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་ཤ་རིགས་གང་བྱུང་ཟ་བའི་གོམས་གཤིས་ངན་པ་འདོར་རྒྱུ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་གི་བདེ་འཇགས་འགན་ལེན་ཏན་ཏིག་བྱ་རྒྱུ་བཅས་སྐོར་གྱི་གཏན་འབེབས》དུས་ཐོག་ཏུ་བཏོན་པ་དང་། སྤྱི་པའི་འཕྲོད་བསྟེན་ཁྲིམས་སྐྱོང་འགན་ལེན་མ་ལག་ལ་ཤུགས་སྣོན་རྒྱག་པའི་ཁྲིམས་འཛུགས་དང་བཅའ་ཁྲིམས་བཟོ་བཅོས་ཀྱི་ལས་དོན་བཀོད་སྒྲིག་དང་སྤེལ་འགོ་བཙུགས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ས་གནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འཐབ་ཕྱོགས་ཁག་དང་རང་རང་སོ་སོའི་ལས་གནས་ཐོག་ལེགས་སྐྱེས་ཧུར་ཐག་ཕུལ་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་མི་དམངས་ཀྱི་ཚབ་བྱེད་པ་དང་། མི་དམངས་ཆེད། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་གཟི་བརྗིད་ལྡན་པའི་འགན་འཁྲི་ལག་ལེན་བསྟར་ཡོད།
     ལམ་ལུགས་ཀྱི་ལེགས་ཆ་ནི་རྒྱལ་ཁབ་གཅིག་གི་ལེགས་ཆ་ཆེ་ཤོས་དེ་ཡིན་ཞིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་སྐྲུན་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་ལག་ལེན་གྱི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཕྱོགས་ཀྱི་རྩེ་རིམ་ཇུས་འགོད་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་ལས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་བཅས་ལ་སྐྱེ་སྟོབས་ཆེན་པོ་དང་ཁྱད་འཕགས་རང་བཞིན་མངོན་གསལ་དོད་པོ་ལྡན་པས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ཐུབ་པ་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་ལེགས་སྐྱེས་གལ་ཆེན་འབུལ་ཐུབ་ངེས་ཡིན་པ་སླར་ཡང་ར་འཕྲོད་ཐུབ་ཡོད། འཕེལ་རྒྱས་ཀྱི་ཁོར་ཡུག་ཇི་ཙམ་གྱིས་ཛ་དྲག་ལ་རྙོག་འཛིང་ཆེ་ན། དེ་ཙམ་གྱིས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ཕྱོགས་ཁག་གི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། ལམ་ལུགས་འཛུགས་སྐྱོང་དང་བཅོས་སྐྱོང་ནུས་ཕྱོད་དེ་བས་ལེགས་པའི་ངང་གཞན་སྒྱུར་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་ལམ་ལུགས་ཀྱི་ལེགས་ཆ་སྤྱད་ནས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་མཁས་པོ་བྱེད་དགོས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་འདེགས་སྐྱོར་བྱེད་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་རེད། དུས་རབས་གསར་པར་འབད་འབུངས་བྱེད། རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད། ང་ཚོས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལག་ལེན་གྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ། ལམ་ལུགས་ཀྱི་ལེགས་ཆ་རྒྱལ་ཁབ་བཅོས་སྐྱོང་གི་ནུས་ཕྱོད་ལ་འགྱུར་བ་བཅས་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བརྒྱུད་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་མི་དམངས་ཀྱིས་སྟངས་འཛིན་ནན་པོ་ཐུབ་པ་བྱེད་དགོས།
     མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་ཞིག་དང་མི་དམངས་ནི་དཔའ་བོ་ངོ་མ་རེད། མིག་སྔར་གོ་ལ་ཧྲིལ་པོའི་རིམས་ནད་དང་འཛམ་གླིང་གི་དཔལ་འབྱོར་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་རང་རྒྱལ་གྱི་འཕེལ་རྒྱས་ལ་སྔར་བྱུང་མྱོང་མེད་པའི་འགྲན་སློང་འཕྲད་ཡོད། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ལྷོད་གཡེང་སྤུ་ཙམ་མི་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་སྤྱི་འདོམས་ཀྱིས་ཡག་པོ་སྒྲུབ་པ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་བཅས་ཚང་མར། ངེས་པར་དུ་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་སྲུང་བ་དང་མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་བྱས་ཏེ། ཀུན་སེམས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། མི་དམངས་རང་ཁྱིམ་རང་བདག་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་ངོ་བོ་དང་སྲོག་ཤིང་ཡིན། དེས་ན་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་གཏོང་སྐབས། མི་དམངས་ཀྱི་འདོད་བློ་མངོན་པ་དང་། མི་དམངས་ཀྱི་ཁེ་དབང་འགན་ལེན། མི་དམངས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱེད་དགོས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཀྲུང་གོའི་རྒྱལ་བབ་དང་དོན་དངོས་དང་འཚམ་པ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ངོ་བོ་མངོན་པ། མི་དམངས་རང་ཁྱིམ་རང་བདག་འགན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་པ་བཅས་ཀྱི་ལམ་ལུགས་ཡག་པོ་ཞིག་ཡིན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་ཐུབ་ཡོད། མི་དམངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱེད་པ་དང་། དེ་བས་རྒྱ་ཁྱབ་དང་། གང་ལེགས། འཐུས་ཚང་བཅས་ཀྱི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་ཀྱི་འདུན་པ་ཉན་པ་དང་། མི་དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ། མི་དམངས་ཀྱི་རེ་བ་སྒྲུབ་པ་བཅས་བྱས་ཚེ། ང་ཚོས་འབད་འཐབ་ཀྱི་རླབས་ཆེན་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་དང་བློ་སེམས་གཅིག་མཐུན་གྱིས་ཕུགས་འདུན་དོན་གཉེར་ཐུབ་ངེས་ཡིན།
     ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ལྷུང་ལྷུང་དལ་གྱིས་རྒྱུག་པ་ཡོད་ལ་རྦ་རླབས་ལང་ལོང་དུ་འཕྱུར་བའང་ཡོད། དེས་ན་ང་ཚོ་དཀའ་ངལ་ལ་མི་སྐྲག་ཅིང་ཉེན་ཁར་ཡང་མི་སྐྲག རྒྱ་ཆེའི་འཐུས་མི་ཚོས“དུས་ཚོད་ཀྱིས་མི་མི་སྒུག་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི”དགོས་གཏུགས་ཀྱི་བསམ་པ་དང“རང་འགན་གཙང་སྒྲུབ་དང་ཉིན་མཚན་དབྱེར་མེད་གཞུང་དོན་སྒྲུབ་པའི”འགན་འཁྲི་འཁུར་སེམས་ལ་བརྟེན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་བཞིན་འགན་འཁྲི་སྒྲུབ་པ། བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།
     ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།