འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་21ཉིན།

༄༅།།ཤི་ལོག་གི་ཕྱུག་འགྱུར་གཏམ་རྒྱུད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་21ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ་ཤི་ལོག་གི་དགེ་ཕྲུག་བསྟན་འཛིན་བཀྲ་ཤིས་ཀྱིས་འབག་བཟོ་བཞིན་པ།
འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ་ཤི་ལོག་གི་དགེ་ཕྲུག་བསྟན་འཛིན་བཀྲ་ཤིས་ཀྱིས་འབག་བཟོ་བཞིན་པ།
      བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་ཁུ་སིམ་པའི་བོད་བཟོའི་སྒོ་ར་ཞིག་ཏུ་འབག་བཟོ་མཁན་ཤི་ལོག་གི་དགེ་ཕྲུག་ཚོས་ལག་ཆ་སྣ་ཚོགས་ཁྱེར་ནས་བློ་རྩེ་གཅིག་སྒྲིམ་ངང་སྲོལ་རྒྱུན་གྱི་ལྷ་མོའི་འབག་བཟོ་བཞིན་ཡོད་པ་རེད།
    ལོ་46ལ་སླེབས་པའི་སྟག་རྩེ་ཆུས་ཞོག་ཤང་བཀྲ་ཤིས་སྒང་གྲོང་ཚོའི་གྲོང་མི་ཤི་ལོག་ནི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས“ལྷ་སའི་རས་འབག་བཟོ་རྩལ”གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་རེད།
     ཤི་ལོག་གིས་ངོ་སྤྲོད་བྱས་པ་ལྟར་ན། འབག་ནི་སྤྱི་ལོའི་དུས་རབས་7པའི་ནང་བཟོ་འགོ་ཚུགས་པ་དང་། ཞོ་སྟོན་སོགས་སྲོལ་རྒྱུན་གྱི་དུས་ཆེན་རིང་ལྷ་མོ་འཁྲབ་སྐབས་བེད་སྤྱོད་མང་པོ་གཏོང་གི་ཡོད།
    “ཆུང་དུས་ཁྱིམ་ལ་གཅེན་གཅུང་རྒན་གཞོན་8ཡོད་པས། འཚོ་བར་དཀའ་ངལ་ཆེན་པོ་ཡོད།” དེས་ན་ཕ་མས་ལོ་བཅུ་གྲངས་ལས་མ་སླེབས་པའི་ཤི་ལོག་ལྷ་སར་འབག་བཟོ་སྟངས་སྦྱོང་བར་བཏང་ཡོད།
    “འབག་བཟོ་རྩལ་རྦད་དེ་ཁོང་དུ་ཆུད་པར་ལོ་ལྔ་དྲུག་ཙམ་དགོས་ཀྱི་ཡོད”དགེ་ཕྲུག་ཁག་གཅིག་གིས་དུས་ཚོད་རིང་བར་བསམ་ནས་མཐའ་འཁྱོལ་གྱི་མེད། འོན་ཀྱང་ཤི་ལོག་གིས་ལག་རྩལ་དེ་ལོ་7ཏག་ཏག་སྦྱངས་ཡོད། ཁོང་གིས“ཁྱིམ་གྱི་འཚོ་བར་འགྱུར་ལྡོག་གཏོང་དགོས་སྙམ་ན་ངེས་པར་དུ་ལག་རྩལ་ཞིག་བྱང་ཆུབ་པ་སྦྱོང་དགོས”ཞེས་བཤད།
    སྦྱངས་པ་མཐར་ཕྱིན་བྱུང་རྗེས་ཤི་ལོག་གིས་དགེ་ཕྲུག་3ཁྲིད་ནས་ལྷ་ས་གྲོང་ཁྱེར་གྱི་ལྟེ་བར་བོད་བཟོའི་འབག་ཚོང་ཁང་ཞིག་བཙུགས་པ་དང་། ཁོང་གི་གཅེན་གཅུང་རྒན་གཞོན་རྣམས་ཀྱང་སོ་སོའི་ཁྱིམ་ཚང་ཟིན་པས། འཚོ་བ་རིམ་བཞིན་ལེགས་སུ་ཕྱིན།
    2012ལོར་སྲིད་གཞུང་གི་རོགས་སྐྱོར་འོག་ཤི་ལོག་གིས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཞོག་ཤང་བཀྲ་ཤིས་སྒང་སྲོལ་རྒྱུན་ལག་ཤེས་མཉམ་ལས་ཁང་བཙུགས་ནས་གཙོ་བོ་ལྷ་མོའི་འབག་བཟོ་བ་དང་ཚོང་གཉེར་བྱེད་ཀྱི་ཡོད།
    འབག་ཅིག་བཟོ་བར་བརྐོས་དཀྲོལ་རྒྱག་པ་དང་། རླུང་སྐམ་གཏོང་བ། རྩི་གཏོང་བ་སོགས་ལས་རིམ་བཅུ་ལྷག་ཙམ་བརྒྱུད་དགོས་པས་ཉིན་10ལྷག་ཙམ་འགོར་གྱི་ཡོད། “རིན་གོང་ཡང་སྒོར་བརྒྱ་ཕྲག་ཁ་ཤས་ནས་སྟོང་ཕྲག་ཁ་ཤས་བར་ཡོད། མཉམ་ལས་ཁང་གི་འབག་མང་ཆེ་བ་བོད་ཀྱི་ལྷ་མོ་ཚོགས་པ་ཆེ་གྲས་ཁག་གིས་མངཌ་ཀྱི་ཡོད། འདི་ལོ་ང་ཚོར་སྒོར་ཁྲི་200ཡས་མས་ཀྱི་མངགས་ཐོ་རག་བྱུང”ཞེས་ཤི་ལོག་གིས་བཤད།
    ཉེ་བའི་ལོ་ཤས་རིང་། མཉམ་ལས་ཁང་གིས་གུར་དང་། བོད་ལྷམ། བོད་བཟོའི་འཁྲབ་ཆས་སོགས་བཙེམས་ནས་ལས་སྒོའི་ཁྱབ་ཁོངས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། མིག་སྔར་མཉམ་ལས་ཁང་དུ་འཁོར་ཁང་གཉིས་དང་འགྲེམས་སྟོན་ཁང་གཅིག་ཡོད་པ་དང་། མང་ཚོགས་30ལྷག་ཙམ་ལས་ཀར་བཅུག་པའི་ཁྲོད། མང་ཆེ་བ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་ད་དུང་དབང་སྐྱོན་ཅན་ཁག་གཅིག་ཡོད་པ་རེད།
    “གྲོང་མིའི་ཁྲོད་ནས་ལོ་གཞོན་པ་རྣམས་ཕྱིར་ལས་ཀར་འགྲོ་བ་དང་། ལོ་རྒན་པ་རྣམས་ཞིང་དལ་སྐབས་འདིར་ལས་ཀར་ཡོང་ནས་ཡོང་འབབ་མང་དུ་གཏོང་གི་ཡོད”ཅེས་ཤི་ལོག་གིས་བཤད།
    ལོ་27ལ་སླེབས་པའི་ཞོག་ཤང་གི་གྲོང་མི་བསྟན་འཛིན་བཀྲ་ཤིས་ནི་ཤི་ལོག་གི་དགེ་ཕྲུག་དང་པོའི་གྲས་ཤིག་ཡིན་པ་དང་། གཙོ་བོ་འབག་གི་བཟོ་ལྟ་བཟོ་ཡི་ཡོད། ཁོང་གིས“ང་མཉམ་ལས་ཁང་དུ་མ་ཡོང་གོང་གཙོ་བོ་ཞིང་ལས་བྱས་ནས་སྡོད་ཀྱི་ཡོད་པས། ཡོང་འབབ་དེ་ཙམ་མང་པོ་མེད། ད་ཆ་མཉམ་ལས་ཁང་དུ་འབག་བཟོས་ན་ཟླ་རེར་གླ་ཆ་སྒོར་5000ཡས་མས་ལེན་རྒྱུ་འདུག”ཅེས་བཤད།
     གཞན་ཡང་2014ལོ་ནས་བཟུང་། མཉམ་ལས་ཁང་གིས་ལོ་ལྟར་ཡུལ་དེའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་སྒོར་ཁྲི་15བགོ་འགྲེམས་བརྒྱབ་ཡོད། “མ་གཞི་མཉམ་ལས་ཁང་ལ་ཁེ་བཟང་རག་གི་ཡོད་ཀྱང་། ང་རང་ཚོང་པ་ཞིག་ཡིན་སྙམ་གྱི་མི་འདུག ང་ནི་ལག་ཤེས་པ་ཞིག་ཡིན་པས། ངས་ཚེ་གང་གི་དུས་ཚོད་སྤྱད་ནས་ལག་ཤེས་འདི་མི་དེ་བས་མང་བར་བསླབ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།