མི་དམངས་དྲ་བ།

༄༅༎རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་པ་གྲོལ་བ།
དབང་དབྱང་གིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་21ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པ་པེ་ཅིང་དུ་གྲོལ་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ། གསུང་བཤད་ཀྱང་གནང་བ་རེད།
     དབང་དབྱང་གིས། འདས་ཟིན་པའི་ལོ་གཅིག་ལྷག་ཙམ་རིང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་ལེན་ནན་ཏན་བསྟར་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ་སོགས་ཀྱི་ལས་འགན་ལ་དམིགས་པ། ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འགན་ནུས་སྣ་ཚོགས་ནན་ཏན་སྒྲུབ་པ་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད། ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད། རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། རིམ་ཁག་སྲིད་གྲོས་ཀྱི་རྩ་འཛུགས་དང་། ཁོངས་ཞུགས་ཚན་པ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་འགན་འཁྲི་འཁུར་སེམས་མངོན་པ་དང་དོན་དངོས་ལ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་བའི་ནང་ཞུགས་རྒྱུ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ། ཆེད་དོན་གྲོས་མོལ་སྒྲིག་གཞི་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆའི་ཆ་གལ་ཆེན་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ལེཌ་ཆ་དང་ནུས་པ་ཧུར་ཐག་བཏོན་ཡོད་ཅེས་གསུངས་པ་རེད།
     དབང་དབྱང་གིས། འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོ་ཞིག་ཡིན་པ་དང་། གོ་ལ་ཧྲིལ་པོའི་རིམས་ནད་ལས་རང་རྒྱལ་གྱི་འཕེལ་རྒྱས་ལ་ཉེན་ཁ་དང་འགྲན་སློང་མང་པོ་འཕྲད་ཡོད། མི་དམངས་སྲིད་གྲོས་ཀྱིས་འགན་འཁྲི་དང་ལས་འགན་ལ་དམ་པོར་དམིགས་ནས། གནད་སྨིན་ཇུས་འདོན་སྲིད་སྐྱོང་དང་མཇུག་བསྡུའི་དམག་འཐབ་ལ་རོགས་སྐྱོར་བྱེད་པའི་ཐད་ཤུགས་རྒྱག་པ་དང་། གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་བ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་རྒྱ་ཁྱབ་བྱེད་པའི་ཐད་ལས་དོན་སྒྲུབ་པ། བྱེད་སྟངས་བྱེད་ཐབས་གསར་གཏོད་དང་ལས་ཀའི་སྤུས་ཚད་མཐོ་རུ་གཏོང་བའི་ཐད་ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་བྱེད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད“སྲིད་གྲོས་ཀྱི་རྒྱུགས་ལན”ཚད་ལོན་ཞིག་འབུལ་དགོས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་ནས། གྲོས་གཞི་ཡག་པོ་འདོན་པ་དང་། ཐབས་ཇུས་བཟང་པོ་འདིང་བ། ངར་ཤུགས་འཕེལ་བ་བཅས་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ཁག་དོན་འཁྱོལ་ནན་པོ་བྱེད་པ། ཚོགས་སྲོལ་དང་སྒྲིག་ལམ་ནན་དུ་གཏོང་བ། ཚོགས་ཆེན་འདི་སྙིང་སྟོབས་རབ་འཕེལ་དང་། དྲང་ནུས་བརྒྱུད་སྤྲོད་ཀྱི་ཚོགས་འདུར་འགྱུར་བ་བཅས་བྱས་ནས། མཐུན་སྒྲིལ་བྱས་ན་མཐའ་དག་ལས་རྣམ་པར་རྒྱལ་བ་དང་འབད་བརྩོན་བྱས་ན་འོད་སྟོང་འཕྲོ་བའི་གྲུབ་འབྲས་གཏོད་ཐུབ་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     མཇུག་འགྲིལ་ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ(འཆར་ཟིན)དང་ཉིན་རེའི་ལས་རིམ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་དྲུང་ཆེ་དང་དྲུང་ཆེ་གཞོན་པའི་མཚན་ཐོ། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། འབྲེལ་ཡོད་འཆར་ཟིན་དང་སྙན་ཞུ་གོ་རིམ་གཞིར་བཟུང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱེད་པར་འབུལ་རྒྱུ་རེད།
     ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ཞ་པའོ་ལུང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེའི་གོ་གནས་མུ་མཐུད་གཅིག་ལྕོགས་མི་འཁུར་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་དང་། ཅིན་ཞུའེ་ཧྥུང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་དྲུང་ཆེ་གཞོན་པར་བསྐོ་གཞག་བྱ་རྒྱུ། ཏེང་ཙུང་ལེང་དང་། ཧྲུའུ་ཆི་མིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་དྲུང་ཆེ་གཞོན་པའི་འགན་མུ་མཐུད་མི་འཁུར་རྒྱུ། ཆིའུ་ཞུའེ་ཆང་དང་ཧྥུའུ་ཀྲེང་ཧྭ་གཉིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་ལ་གསབ་འདེམས་བྱེད་རྒྱུ། ཆིའུ་ཞུའེ་ཆང་དང་ཧྥུའུ་ཀྲེང་ཧྭ་གཉིས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་གསབ་འདེམས་བྱེད་རྒྱུ། ཏེང་ཙུང་ལེང་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པར་གསབ་འདེམས་བྱེད་རྒྱུ། ཤང་ཁའེ་ཅིན་དང་ཙང་ཧུང་གཉིས་ཀྱི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་སྲིད་གྲོས་ཨུ་ཡོན་ནས་དགོངས་ཞུ་དང་ལེན་གྱི་གཏན་འབེབས་དང་། ཧྲན་ཀྲུང་དབྱང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་གྱི་གོ་གནས་ཕྱིར་འཐེན་དང་དེའི་ཨུ་ཡོན་གྱི་ཐོབ་ཐང་མེད་པ་བཟོ་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་རེད།

  
style="display:none;"