འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་20ཉིན།

༄༅།།ལོ་གསུམ་བོད་སྐྱོར་བྱས། ཚེ་གང་བོད་ལ་ཆགས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་20ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    2010ལོའི་ཟླ་7ཚེས་31ཉིན་ཀྲུང་དབྱང་ལས་ཁུངས་ཀྱི་བོད་སྐྱོར་ལས་དོན་ཚོགས་པ་ཁག་དྲུག་པའི་ཁོངས་མི་ཞིག་གི་ངོས་ནས། ངས་བོད་རང་སྐྱོང་ལྗོངས་འགྱེད་འཕྲོའི་ཁོར་ཡུག་ལྟ་སྐུལ་ཞིབ་བཤེར་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པའི་འགན་འཁུར་བ་དང་། 2013ལོའི་ཟླ་7ཚེས་31ཉིན་བོད་ནས་ཁ་བྲལ་བ་ཡིན། ལོ་གསུམ་བོད་སྐྱོར་བྱེད་རིང་། ངས་རང་འཁྲིའི་ལས་འགན་ཁག་ལེགས་པར་བསྒྲུབས་པ་དང་། འཇིག་རྟེན་གྱི་ལྟ་བ་དང་མི་ཚེའི་ལྟ་བར་ཡང་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད་གནད་དོན་ཐག་གཅོད་བྱེད་ནུས་ཐད་ལའང་ཡར་རྒྱས་ཆེན་པོ་བྱུང་།
    བོད་དུ་ཐོག་མར་སླེབས་སྐབས། འདི་གའི་དྭངས་གཙང་དང་མཛེས་སྡུག་གིས་ངའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོགས་བྱུང་ལ། བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་དང་། འཐབ་ཇུས་ཐོན་ཁུངས་གྲབས་གསོག་རྟེན་གཞི་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་ཡང་ཡིན་པ་ཤེས་བྱུང་། བོད་ཀྱི་ཞི་བདེ་བརྟན་ལྷིང་ནི་རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་ཅིང་། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་བྱ་གཞག་ཆེན་པོ་དང་འབྲེལ་བ་ཡོད་པའང་རྟོགས་བྱུང་།
    ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཕྱི་ནང་གི་ཁ་ཕྲལ་ཕྱོགས་གཏོགས་ཀྱི་བྱེད་སྤྱོད་སྨྱོ་ཧམ་ཆེ་བས། ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ་ནི་བོད་སྐྱོར་ལས་བྱེད་པའི་སྒྲུབ་དགོས་ངེས་ཀྱི་འོས་འགན་ཞིག་ཏུ་གྱུར། ངས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་། དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་མི་བཟོ་བ། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གཏན་འབེབས་ཁག་དོན་འཁྱོལ་བཅས་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་ལ་དོ་སྣང་ཆེན་པོ་བྱས་པ་ཡིན།
     ལྟ་ཞིབ་ཚད་ལེན་གྱི་ལས་དོན་ཐད་གནས་སྦྱར་ལོ་གསུམ་བྱེད་རིང་། བོད་ཀྱི་ས་ཁུལ་དྲུག་དང་གྲོང་ཁྱེར་གཅིག་ཏུ་ལམ་ཐག་སྤྱི་ལེ་ཁྲི་10ཙམ་བསྐྱོད་པ་དང་། བོད་ཀྱི་འགྱེད་འཕྲོའི་ཁོར་ཡུག་གི་གནས་ཚུལ་ཅུང་ཞིབ་ཕྲ་ཁོང་དུ་ཆུད་ནས《བོད་རང་སྐྱོང་ལྗོངས་རང་བྱུང་གློག་གྱེས་ཀྱི་འགྱེད་འཕྲོའི་ཁོར་ཡུག་གི་སྤུས་ཚད་སྙན་ཞུའི་ཡི་གེ》རྩོམ་སྒྲིག་བྱས་ཏེ་བོད་ཀྱི་རང་བྱུང་གློག་གྱེས་འགྱེད་འཕྲོའི་འདིང་གཞིའི་ཆུ་ཚད་དང་འགྱུར་ལྡོག་སྐོར་རྒྱས་བཤད་བྱས་ཡོད།
    བདེ་འཇགས་སྲུང་སྐྱོང་ཐད་ང་ཚོས་བེད་མེད་ཀྱི་འགྱེད་འཕྲོའི་འབྱུང་ཁུངས་བསྡུ་ཉར་གྱི་ལས་དོན་ཧུར་ཐག་སྤེལ་བ་ཡིན། 2011ལོའི་ཟླ་7པར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་མཛད་སྒོ་མ་འཚོགས་གོང་དུས་བཀག་ལྟར་ལྗོངས་ཡོངས་ཀྱི་བེད་མེད་འགྱེད་འཕྲོའི་འབྱུང་ཁུངས་33བསྡུ་ཉར་བྱས་ནས། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་བསལ་ཏེ་མཛད་སྒོར་ཕྱག་རྟགས་ཕུལ་བ་དང་སྲུང་སྐྱོང་བྱས་ཡོད།
    ཚོགས་པ་འཛུགས་སྐྱོང་ཐད“གཞན་རྟེན”དང“རང་རྟེན”ཟུང་འབྲེལ་ནུས་ལྡན་བྱས་ཏེ་གསོ་སྦྱོང་སྣ་ཚོགས་ཤུགས་ཆེན་བྱས་ཡོད། ཆེད་ལས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་ནི་བོད་ཀྱི་འགྱེད་འཕྲོའི་ས་ཚིགས་ཀྱི་ལས་ཀའི་འཇོན་ཐང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་རེད། བོད་སྐྱོར་ལས་བྱེད་པ་ཞིག་གི་ངོས་ནས་ང་ཚོས་པུའུ་ཡི་སྲིད་ཇུས་དང་དོ་ཁུར་ལས་དོན་ཞིབ་ཕྲར་དོན་འཁྱོལ་བྱས་ཏེ། ལོ་གསུམ་རིང་བསྡོམས་མི་ཐེངས་24གསོ་སྦྱོང་དང་ཚོགས་འདུ་སྣ་ཚོགས་ལ་ཞུགས་པར་བཏང་ཡོད། ས་ཚིགས་ཀྱི་བློ་མཐུན་གཉིས་ཆིང་ཧྭ་སློབ་ཆེན་གྱི་ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་བཟོ་སྐྲུན་རབ་འབྱམས་པའི་འཛིན་གྲྭར་སློབ་སྦྱོང་བྱེད་པར་བཏང་བ་དང་། འགྲོ་སོང་ཚང་མ་ཉིང་རྡུལ་བདེ་འཇགས་སི་ཡིས་འགན་ཁུར་ཡོད། གཞན་ཡང་ད་དུང་བོད་དུ་འགྱེད་འཕྲོའི་ལས་དོན་མི་སྣར་འགྱེད་འཕྲོའི་བདེ་འཇགས་གསོ་སྦྱོང་གི་ལས་དོན་ཐོག་མར་སྤེལ་བར་སྐུལ་འདེད་ཧུར་ཐག་བཏང་ཡོད།
     ལོ་གསུམ་རིང་། ངས་སྤྱིར་བཏང་མ་ཡིན་པའི་ཉམས་མྱོང་མང་པོ་གསོག་ཐུབ་བྱུང་ལ། སླད་ཕྱིན་གྱི་ལས་དོན་དང་འཚོ་བར་ཡང་བློ་སྐྱེད་གསར་པ་མང་པོ་བྱུང་། ད་ཆ་སྔར་བཞིན་བོད་ཀྱིས་ང་ལ་སྦྱོང་བརྡར་དང་འཇོན་ཐང་ཆེ་རུ་གཏོང་བའི་གོ་སྐབས་བྱིན་པའི་བཀའ་དྲིན་སྙིང་བཅངས་ཞུ་བཞིན་ཡོད། ང་རང་ས་ཕྱོགས་གང་དང་ལས་གནས་ཅི་འདྲ་ཞིག་ཏུ་སླེབས་ཀྱང་བོད་ནམ་ཡང་བརྗེད་མི་སྲིད།