འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་20ཉིན།

༄༅།།ཧྲན་ཤིས་དང་ཧན་གོའི་མཛའ་གྲོགས་གྲོང་ཁྱེར་དབར་ལྟ་རེས་སྐྱོང་རེས་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་20ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ལོའི་ཟླ་3པར་ཧན་གོར་རིམས་ནད་ཚབས་ཆེན་ཐོན་པ་དང་བསྟུན་ནས་ཧྲན་ཤིས་ཀྱིས་ཆོན་ལུའོ་ནན་ཏའོ་ལ་སྔ་རྗེས་སུ་སྨན་སྤྱོད་ཁ་རས་ཁྲི་2.5དང་འགོག་སྲུང་གྱོན་ཆས་ཆ་ཚང་1000ཞལ་འདེབས་ཕུལ་བ་རེད། ཟླ་4ཚེས་29ཉིན་ཆོན་ལུའོ་ནན་ཏའོ་ཡི་རྫོང་དཔོན་ཅིན་དབྱིང་ལུའུ་ཡིས་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་བསྐུར་ནས“ཧྲན་ཤིས་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ང་ཚོར་རིམས་འགོག་དངོས་ཟོག་ཞལ་འདེབས་བརྒྱབ་པ་ལས་ཆོན་ལུའོ་ནན་ཏའོ་ཡིས་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱ་རྒྱུར་ཕན་ཐོགས་ཆེན་པོ་བྱུང”ཞེས་བརྗོད།
    ཆོན་ལུའོ་ནན་ཏའོ་ནི་ཧྲན་ཤིས་དང་ཧན་གོའི་ཞིང་ཆེན་རིམ་པའི་མཛའ་གྲོགས་གྲོང་ཁྱེར་ཐོག་མ་དེ་ཡིན་པ་དང་2017ལོའི་ཟླ་11པར་མཛའ་གྲོགས་ཞིང་ཆེན་གྱི་འབྲེལ་བ་བཙུགས་པ་རེད། 2019ལོའི་ཟླ་6པར་ཧྲན་ཤིས་ཀྱི་འཐུས་མི་ཚོགས་པས་ཧན་གོར་མཛའ་གྲོགས་འཚམས་འདྲི་བྱེད་སྐབས་ཆོན་ལུའོ་ནན་ཏའོ་ཡི་སྲིད་འཛིན་ཐོག་ཁང་མདུན་དུ་ཐུན་མོང་ཐོག་ཀྲུང་ཧྭའི་རྒྱ་ལྕང་ཞིག་བཙུགས་པ་དེ་ཕྱོགས་གཉིས་པོའི་མཛའ་གྲོགས་ཀྱི་དཔང་པོར་གྱུར་བ་རེད།
    འདི་ལོའི་ཟླ་2པའི་ཟླ་འགོར་རྒྱལ་ནང་དུ་རིམས་ནད་ཐོན་ཚབས་ཆེ་བའི་སྐབས་ཧྲན་ཤིས་སུ་ཁ་རས་མཁོ་སྤྲོད་མི་ཐུབ་པའི་གནད་དོན་ཚབས་ཆེན་ཐོན་ཡོད། “སྐབས་དེ་དུས་དཔྱིད་གསར་དུས་ཆེན་གྱི་ངལ་གསོ་བཞག་ནས་བཟོ་གྲྭ་ལས་འགོ་བསྐྱར་འཛུགས་བྱས་མེད་པས་ལོ་གསར་གོང་དུ་མཛོད་ཉར་བྱས་པའི་ཁ་རས་མ་གཏོགས་མེད་སྟབས་ཁ་རས་མི་འདང་བའི་གནད་དོན་ཚབས་ཆེན་ཐོན་ཡོད”ཧྲན་ཤིས་ཕྱི་དོན་དོན་གཅོད་ཁང་ཨེ་ཤེ་ཡ་ཁྲུའུ་ཡི་ཁྲུའུ་ཀྲང་ཧྲེ་གོ་ཝུའེ་ཡིས་གསར་འགོད་པར“ཧན་གོའི་ཆོན་ལུའོ་ནན་ཏའོ་རྒྱལ་སྤྱིའི་གཞོགས་འདེགས་ཅུས་ཀྱིས་རང་འགུལ་ངང་ཁ་པར་བརྒྱབ་ནས་ང་ཚོར་དངོས་ཟོག་ཞལ་འདེབས་བརྒྱབ་པས་དངོས་འབྲེལ་དུས་ཐོག་ཆར་པ་ལྟ་བུ་བྱུང”ཞེས་བཤད། ཟླ་2ཚེས་27ཉིན་ཆོན་ལུའོ་ནན་ཏའོ་སྲིད་གཞུང་གིས་ཞལ་འདེབས་བརྒྱབ་པའི་ཁ་རས་ཁྲི་1དེ་དག་ཐའེ་ཡོན་དུ་འབྱོར་བ་དང་སྒམ་ཐོག་ཏུ“སྐྱིད་སྡུག་མཉམ་མྱོང་། དཀའ་གནད་མཉམ་སྒྲོལ”ཞེས་བྲིས་འདུག་པ་དེས་དཀའ་བ་ཁྱད་བསད་ཀྱིས་རིམས་འགོག་བྱེད་བཞིན་པའི་ཧྲན་ཤིས་མི་དམངས་ཚོར་སེམས་གསོ་ཆེན་པོ་བྱུང་ཞེས་བརྗོད།
     ཟླ་4ཚེས་22ཉིན་ཧྲན་ཤིས་ཀྱིས་ཞལ་འདེབས་ཕུལ་བའི་རིམས་འགོག་དངོས་ཟོག་ཁག་གཉིས་པ་ཆོན་ལུའོ་ནན་ཏའོ་ལ་འབྱོར་བ་དང་བསྟུན་ནས་ཧྲན་ཤིས་ཕྱི་དོན་དོན་གཅོད་ཁང་ཨེ་ཤེ་ཡ་ཁྲུའི་ལས་དོན་མི་སྣ་ལི་ཁྲའོ་ཆུན་གྱི་སེམས་ནད་དེའང་སེལ་ཐུབ་པ་བྱུང་ཡོད། རྗེས་དྲན་བྱེད་སྐབས་དངོས་ཟོག་ཉོ་སྒྲུབ་དང་དབོར་མཁན་འབྲེལ་བ་བྱེད་པའི་བརྒྱུད་རིམ་ཁྲོད་འགལ་རྐྱེན་མང་པོ་འཕྲད་ཡོད་པ་རེད།
    “ཁྱོན་ཁ་རས་བཟོ་གྲྭ་གསུམ་དང་འབྲེལ་བ་བྱས་ཏེ་ཁོང་ཚོའི་འོས་ཐོབ་གང་འདྲ་ཡོད་མེད་དང་། རིན་གོང་ག་ཚོད་ཡིན་མིན། གྲངས་ཚད་འདང་མིན་བཅས་ཤེས་རྟོགས་བྱས་ཡོད”ཅེས་ལི་ཁྲའོ་ཆུན་གྱིས་གསར་འགོད་པར། བསྡུར་བ་ཡང་ཡང་བྱས་པ་བརྒྱུད་གཏན་འཁེལ་བྱས་པ་ཡིན། འོན་ཀྱང་དངོས་ཟོག་དབོར་འདྲེན་ཐད་དཀའ་ངལ་མང་པོ་འཕྲད་བྱུང་ཞེས་བཤད།
     ལི་ཁྲའོ་ཆུན་དང་ལས་རོགས་ཚོས་སྔ་རྗེས་སུ་ཧྲན་ཤིས་ཞིང་ཆེན་ནང་ཁུལ་གྱི་ཟོག་འགྲེམས་ཀུང་སི་བཞི་དང་འབྲེལ་བ་བྱས་ཏེ་ཀུང་སི་རེ་རེ་བྱས་ནས་མྱུར་སྐྱེལ་གྱི་རིན་གོང་དང་། འགག་སྒོ་སྒྲོལ་བའི་ནུས་པ། དབོར་འདྲེན་གྱི་ལས་ཕྱོད་བཅས་བསྡུར་བ་བྱས་པ་དང་ཆབས་ཅིག དེ་སྔ་རྒྱུས་མངའ་གཏན་ནས་མེད་པའི་འགག་སྒོ་སྒྲོལ་བ་དང་སྨན་བཅོས་དངོས་ཟོག་ལ་བརྟག་དཔྱད་དང་ནད་ཡམས་བརྟག་ཞིབ་ཀྱི་ཤེས་བྱ་གཞི་ནས་སྦྱངས་ཏེ་ཕྱོགས་མང་པོ་དང་མཐུན་སྦྱོར་བྱས་པ་བརྒྱུད་དངོས་ཟོག་དེ་དག་གཞི་ནས་བསྐུར་ཐུབ་ཙམ་བྱུང་བ་རེད།
    “ཉིན་ལྟར་གཉིད་བསད་མ་ཐག་དངོས་ཟོག་དེ་དག་གང་དུ་སླེབས་མིན་ལྟ་གི་ཡོད། ཉིན་གཅིག་ལ་ཟོག་འགྲེམས་ཆ་འཕྲིན་ཐེངས་བཞི་ལྔ་ཙམ་ལྟ་གི་ཡོད”ཅེས་ལི་ཁྲའོ་ཆུན་གྱིས་གསར་འགོད་པར་བཤད། རྒྱལ་སྤྱིར་རིམས་ནད་ཐོན་ཚབས་ཆེ་རུ་འགྲོ་བ་དང་བསྟུན་ནས་རྒྱལ་སྤྱིའི་དུས་གཏན་གནམ་གྲུའི་ཐེངས་གྲངས་ཀྱང་རིམ་པས་ཉུང་དུ་བཏང་སྟབས་དངོས་ཟོག་ཕུང་གསོག་ཚབས་ཆེན་ཐེབས་པས་དངོས་ཟོག་དེ་དག་ཐའེ་ཡོན་ནས་པེ་ཅིང་དུ་དབོར་བ་དང་དེ་ནས་ཀྲེང་ཀྲོའུ་རུ་དབོར་སྟེ་མཐར་ཧན་གོར་བསྐུར་ཐུབ་ཙམ་བྱུང་ཡོད།
     ཧྲན་ཤིས་དང་ཧན་གོའི་ཆོན་ལུའོ་ནན་ཏའོ་དབར་མཛའ་གྲོགས་ཞིང་ཆེན་གྱི་འབྲེལ་བ་བཙུགས་ཚུན། ཕྱོགས་གཉིས་པོའི་དབར་སྤེལ་རེས་དང་འཚམས་འདྲི་བྱེད་ཤུགས་ཉིན་རེ་ལས་མ་འདས་པར་ཆེ་རུ་ཕྱིན་པ་རེད། 2019ལོའི་ཟླ་10པར་ཀྲུང་གོ་གཞོན་ནུའི་མཛའ་གྲོགས་ཕོ་ཉའི་འཐུས་མི་ཚོགས་པས་ཧན་གོར་འཚམས་འདྲི་བྱེད་སྐབས་ཧྲན་ཤིས་ཀྱི་གཞོན་ནུ་30དེའི་ནང་ཞུགས་ཤིང་། ཧྲན་ཤིས་ཕྱི་དོན་དོན་གཅོད་ཁང་ཕྱི་རྒྱལ་དུ་སྐྱོད་པའི་དོ་དམ་དང་ཐོངས་མཆན་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཁུང་ཉིང་ཡང་དེའི་ཁྲོད་ཡོད་པ་རེད། ཁོང་གིས“དེ་ནི་ང་རང་ཧན་གོར་སྐྱོད་ཐེངས་དང་པོ་དེ་ཡིན། ཕེབས་སྐྱེལ་དགོང་ཚོགས་ཐོག་ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ཚོས་མཉམ་དུ《གྲོགས་པོ》ཞེས་པའི་གླུ་གཞས་བཏང་བས་སྐབས་དེ་དུས་ཀྱི་རྣམ་པ་མི་སེམས་འགུལ་བ་ཞིག་འདུག”ཅེས་བཤད།
    ཕྱི་རྒྱལ་དུ་རིམས་ནད་ཚབས་ཆེན་ཐོན་ཚུན། ཧྲན་ཤིས་ཞིང་ཆེན་གྱིས་ཕྱི་རྒྱལ་གྱི་ས་གནས་སྲིད་གཞུང་11ལ་སྨན་བཅོས་ཁ་རས་149920དང་། འགོག་སྲུང་གྱོན་ཆས་ཆ་ཚང་4100 འགོག་སྲུང་མིག་ཤེལ་200 སྤྱོད་གཅིག་མའི་ལག་ཤུབས་27800བཅས་ཞལ་འདེབས་ཕུལ་བ་རེད།