མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་73པའི་བརྙན་ལམ་ཚོགས་འདུའི་འགོ་ཚུགས་
མཛད་སྒོའི་ཐོག་ཤིས་ཚིག་གསུངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་20ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

འདི་ནི་ཟླ་5ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་73པའི་བརྙན་ལམ་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཐོག《མཐུན་སྒྲིལ་མཉམ་ལས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་བ་དང་། ཐུན་མོང་ཐོག་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ཤིས་ཚིག་གསུང་བཞིན་པ།

འདི་ནི་ཟླ་5ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་73པའི་བརྙན་ལམ་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཐོག《མཐུན་སྒྲིལ་མཉམ་ལས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་བ་དང་། ཐུན་མོང་ཐོག་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ཤིས་ཚིག་གསུང་བཞིན་པ།

ཀྲུང་གོས་མི་དམངས་ལྟེ་བར་འཛིན་པ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛིན་ནས། རང་རྒྱལ་ཁབ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་
                  ཁུར་ཡོད་ལ། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་འགན་འཁྲི་ཡག་པོ་ཁུར་ཡོད་པའི་ནན་བཤད་གནང་བ།
     ■ ཀྲུང་གོས་མི་དམངས་ལྟེ་བར་འཛིན་པ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས། ཐོག་མཐའ་བར་གསུམ་དུ་ཡོངས་བསྒྲགས་དང་། ཁ་གསལ། འགན་འཁུར་བཅས་ཀྱི་རྣམ་འགྱུར་འཛིན་པ་དང་། ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་འཛིན་ནས། རང་རྒྱལ་ཁབ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་ཁུར་ཡོད་ལ། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་གྱི་བྱ་གཞག་ལའང་འགན་འཁྲི་ཡག་པོ་ཁུར་ཡོད། ད་ལྟ་རིམས་ནད་ད་དུང་མཆེད་བཞིན་ཡོད་པས། སྔོན་འགོག་དང་ཚོད་འཛིན་ཐད་སྔར་བཞིན་འབད་བརྩོན་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འགོ་ཁྲིད་ཀྱི་ནུས་པ་འདོན་པ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་ཡོང་བ་བྱེད་པ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། པེ་ཅིང་གི་དུས་ཚོད་ཚེས་18ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་73པའི་བརྙན་ལམ་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཐོག《མཐུན་སྒྲིལ་མཉམ་ལས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་བ་དང་། ཐུན་མོང་ཐོག་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ཤིས་ཚིག་གསུངས་ཤིང་། ཁོང་གིས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་ཚུན་གྱི་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེ་ཤོས་ཡིན་པའི་ཏོག་གསར་གློ་ཚད་རིམས་ནད་འདིའི་མདུན་དུ། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དེ་ལྟ་རེས་སྐྱོང་རེས་དང་སྐྱིད་སྡུག་མཉམ་མྱོང་བྱས་ཡོད། ཀྲུང་གོས་མི་དམངས་ལྟེ་བར་འཛིན་པ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས། ཐོག་མཐའ་བར་གསུམ་དུ་ཡོངས་བསྒྲགས་དང་། ཁ་གསལ། འགན་འཁུར་བཅས་ཀྱི་རྣམ་འགྱུར་འཛིན་པ་དང་། ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་འཛིན་ནས། རང་རྒྱལ་ཁབ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་ཁུར་ཡོད་ལ། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་གྱི་བྱ་གཞག་ལའང་འགན་འཁྲི་ཡག་པོ་ཁུར་ཡོད་པའི་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས། ད་ལྟ་རིམས་ནད་ད་དུང་མཆེད་བཞིན་ཡོད་པས། སྔོན་འགོག་དང་ཚོད་འཛིན་ཐད་སྔར་བཞིན་འབད་བརྩོན་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འགོ་ཁྲིད་ཀྱི་ནུས་པ་འདོན་པ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་ཡོང་བ་བྱེད་པ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོས་གོ་ལ་ཧྲིལ་པོའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ཆེན་པོ་ཁག་ལྔ་འདོན་རྒྱུའི་ཁྱབ་བསྒྲགས་གནང་བ་དང་འབྲེལ། རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས་པའི་འབོད་སྐུལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ཤིས་ཚིག་གསུང་སྐབས། མིའི་རིགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སུ། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་འདི་འཚོགས་པར་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། ཏོག་གསར་གློ་ཚད་ཀྱི་རིམས་ནད་གློ་བུར་དུ་ཐོན་ནས། ད་ལྟ་རྒྱལ་ཁབ་དང་ས་ཁུལ་210ལ་ཁྱབ་པ་དང་། མི་འབོར་དུང་ཕྱུར་70ལྷག་ཙམ་ལ་ཤུགས་རྐྱེན་ཐེབས་པ་དང་། མི་ཁྲི་30ལྷག་ཙམ་གྱི་རྩ་ཆེའི་ཚེ་སྲོག་ཤོར་ཡོད། ངས་སྟབས་མི་ལེགས་པར་གྲོངས་པའི་མི་རྣམས་ལ་མྱ་ངན་ཞུ་རྒྱུ་དང་འབྲེལ། ཁོང་ཚོའི་ནང་མིར་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས། མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་དེ་ཡང་ནད་ཡམས་དང་གནོད་འཚེ་དང་འཐབ་རྩོད་བྱེད་པའི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཡིན་པས། ནད་དུག་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད་ལ། རིམས་ནད་ལ་རིགས་རྒྱུད་ཀྱི་དབྱེ་བའང་མེད། གློ་བུར་དུ་ཐོན་པའི་རིམས་ནད་ཀྱི་མདུན་དུ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་ལྟ་རེས་སྐྱོང་རེས་དང་སྐྱིད་སྡུག་མཉམ་མྱོང་བྱས་ནས་མི་ཡུལ་གྱི་བརྩེ་སེམས་ཆེན་པོ་མངོན་པར་བྱས་ཡོད་ལ། རིམས་ནད་དང་འཐབ་རྩོད་བྱེད་པའི་སྟོབས་ཤུགས་ཆེན་པོའང་གཅིག་ཏུ་བསྒྲིལ་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། དཀའ་སྤྱད་ཚད་མེད་ཀྱིས་འབད་བརྩོན་དང་བློས་གཏོང་ཧ་ཅང་ཆེན་པོ་བྱས་པ་བརྒྱུད། ཀྲུང་གོས་རིམས་འགོག་ལས་དོན་ནུས་ལྡན་སྤེལ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡོངས་བསྒྲགས་དང་། ཁ་གསལ། འགན་ཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས། དུས་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབྲེལ་ཡོད་རྒྱལ་ཁབ་ལ་རིམས་ནད་ཀྱི་ཆ་འཕྲིན་བརྡ་ཁྱབ་བཏང་བ་དང་། འཕྲལ་མ་ཉིད་དུ་ནད་དུག་གི་གཞི་རྒྱུའི་གོ་རིམ་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ། ཕྱོགས་ཁག་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ནད་པ་སྐྱོབ་བཅོས་ཀྱི་ཉམས་མྱོང་སྦ་གསང་མེད་པར་མཉམ་སྤྱོད་བྱས་པ་དང་སྦྲགས། རང་ནུས་ལྕོགས་ཚོད་ཀྱིས་རྒྱབ་སྐྱོར་མཁོ་བའི་རྒྱལ་ཁབ་ལ་རྒྱབ་སྐྱོར་དང་རོགས་རམ་མང་པོ་བྱས་ཡོད་ཅེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་ད་ལྟ་རིམས་ནད་ད་དུང་མཆེད་བཞིན་ཡོད་པས། སྔོན་འགོག་དང་ཚོད་འཛིན་ལ་སྔར་བཞིན་འབད་བརྩོན་བྱེད་དགོས་པས། ངས་གཤམ་གསལ་གྱི་གྲོས་འགོ་འདོན་རྒྱུ་ཡིན།
     དང་པོ། ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལེགས་པར་བསྒྲུབ་རྒྱུ་ནི་མིག་སྔའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཡིན། ང་ཚོས་མི་དམངས་ལྟེ་བར་འཛིན་པ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་སྨན་བཅོས་ཀྱི་སྟོབས་ཤུགས་དང་དངོས་ཟོག་གལ་ཆེན་བཀོད་སྒྲིག་བྱས་ཏེ། འགོག་སྲུང་དང་། ལོགས་འཇོག བརྟག་དཔྱད། སྐྱོབ་བཅོས། རྗེས་སྙེག་སོགས་ཀྱི་ཁྱབ་ཁོངས་གལ་ཆེན་དུ་བྱེད་ཐབས་ནུས་ལྡན་སྤྱད་ནས་རིམས་ནད་གོ་ལ་ཧྲིལ་པོར་མཆེད་ཚུལ་བཀག་འགོག་གང་མགྱོགས་བྱེད་པ་དང་འབྲེལ། རིམས་ནད་ས་ཁོངས་སྒྲོལ་ནས་མཆེད་རྒྱུ་བཀག་འགོག་གང་ཐུབ་བྱེད་དགོས། ཆ་འཕྲིན་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕན་ཡོད་ཀྱི་ཉམས་མྱོང་དང་བྱེད་ཐབས་སྤེལ་རེས་བྱེད་པ། བརྟག་དཔྱད་བྱ་ཐབས་དང་། ནད་ཐོག་སྨན་བཅོས་ཀྱི་སྐྱོབ་བཅོས། རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་བཅས་ཀྱི་རྒྱལ་སྤྱིའི་མཉམ་ལས་བྱེད་པ་དང་སྦྲགས། རྒྱལ་ཁབ་ཁག་གི་ཚན་རིག་མཁས་ཅན་གྱིས་ནད་དུག་གི་འབྱུང་རྩ་དང་མཆེད་ལམ་ལ་གོ་ལ་ཧྲིལ་པོའི་ཚན་རིག་ཞིབ་འཇུག་བྱེད་པར་མུ་མཐུད་རྒྱབ་སྐྱོར་བྱེད་དགོས་པ་དང་།
     གཉིས་པ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་འདོན་དགོས། སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡི་སྣེ་ཁྲིད་འོག་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་འགོ་ཁྲིད་དང་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེའི་ཐད་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། མིག་སྔར་རྒྱལ་སྤྱིའི་རིམས་འགོག་ལས་དོན་དེ་འགག་རྩའི་དུས་མཚམས་སུ་སླེབས་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་པ་ནི་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་རྒྱབ་སྐྱོར་དང་ཚེ་སྲོག་སྐྱོབ་རྒྱུར་རྒྱབ་སྐྱོར་བྱེད་པ་ཞིག་རེད། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཆབ་སྲིད་ཐད་ནས་རྒྱབ་སྐྱོར་དང་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཐོན་ཁུངས་སྐོང་འཐེན་བྱས་ཏེ་རིམས་ནད་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་པའི་འབོད་སྐུལ་བྱས་ཡོད།
     གསུམ་པ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་མ་ལག་ཉམས་ཞན་ཡིན་པས། ཁོང་ཚོར་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་སྐྲུན་རོགས་བྱ་རྒྱུ་ནི་རྒྱལ་སྤྱིའི་རིམས་འགོག་འཐབ་རྩོད་ཀྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་དེ་བས་མང་བའི་དངོས་ཟོག་དང་། ལག་རྩལ། མི་ཤུགས་བཅས་ཀྱི་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་50ལྷག་ཙམ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་ལ་སྨན་བཅོས་རོགས་སྐྱོབ་དངོས་ཟོག་མང་པོ་སྤྲད་པ་དང་། སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་5ཆེད་མངགས་བཏང་ཡོད། མིག་སྔར། ཨ་ཧྥེ་རི་ཁར་རྒྱུན་སྡོད་ཀྲུང་གོའི་སྨན་བཅོས་རུ་ཁག་46ས་གནས་དེ་གའི་རིམས་འགོག་བྱ་སྤྱོད་ནང་ཞུགས་བཞིན་ཡོད།
     བཞི་པ། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། མིའི་རིགས་རིམས་ནད་ལས་རྣམ་པར་རྒྱལ་ངེས་ཡིན་མོད། འོན་ཀྱང་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་འདི་མིའི་རིགས་ཀྱི་ངོས་ནས་བརྗོད་ན་མཐའ་མཇུག་དེ་ཡིན་མི་སྲིད། ད་ཐེངས་ཀྱི་རིམས་ནད་ལས་ཐོན་པའི་ཞན་ཆ་དང་མི་འདང་སར་དམིགས་ནས་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་དང་ལེན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ། གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་རིམས་འགོག་དངོས་ཟོག་གྲབས་གསོག་ལྟེ་གནས་སྐྲུན་པ་བཅས་བྱེད་དགོས། གོ་ལ་ཧྲིལ་པོའི་རིམས་ནད་ཚོད་འཛིན་ཐུབ་རྗེས། གོ་ལ་ཧྲིལ་པོས་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་ལ་ཕྱོགས་ཡོངས་ནས་དཔྱད་དཔོག་བྱས་ཏེ་ཉམས་མྱོང་ཕྱོགས་སྡོམ་དང་མི་འདང་ས་གསབ་རྒྱུར་ཀྲུང་གོས་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ལས་དོན་དེར་ཚན་རིག་དང་མཐུན་ལ་ཆེད་ལས་ཀྱི་རྣམ་འགྱུར་དགོས་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཙོ་ཁྲིད་དགོས་པ་དང་། དངོས་ཡོད་གཞུང་དྲང་གི་རྩ་དོན་མཐའ་འཁྱོངས་བྱེད་དགོས།
     ལྔ་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་ཡོང་བ་བྱེད་དགོས། ཆ་རྐྱེན་ཡོད་པའི་རྒྱལ་ཁབ་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་ལས་ཀྱི་གྲོས་འགོར་བརྩི་སྲུང་ཞུས་ཏེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་། སློབ་ཚན་སླར་གསོ་གོ་རིམ་ལྡན་པའི་ངང་ཐུབ་པ་བྱེད་དགོས། རྒྱལ་སྤྱིའི་གཞི་ཆེན་དཔལ་འབྱོར་གྱི་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོའི་ངང་ཤར་བགྲོད་ཐུབ་པར་སྲུང་སྐྱོང་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་སླར་གསོ་གང་མགྱོགས་ཐུབ་པ་བྱེད་དགོས།
     དྲུག་པ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། མིའི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པ་དང་། མཐུན་སྒྲིལ་མཉམ་ལས་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་མཚོན་ཆ་ནུས་ལྡན་ཞིག་རེད། འདི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨེ་ཙིའི་ནད་དང་། ཨེ་པོ་ལ་ནད་དུག བྱ་རིགས་ཆམ་རིམས། H1N1ཆམ་རིམས་ཀ་པ་སོགས་ཀྱི་རིམས་ནད་ཚབས་ཆེན་ལ་འགག་རྒོལ་བྱས་པ་ལས་ཐོབ་པའི་ཉམས་མྱོང་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་མཉམ་དུ་རིམས་འགོག་བྱེད་པ་ནི་མི་ཡུལ་གྱི་ཡང་དག་པའི་ལམ་བུ་ཞིག་ཡིན་པ་བཅས་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་འཛིན་ནས་རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་ཁུར་གྱི་ཡོད་ལ། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལའང་འགན་ཁུར་གང་ཐུབ་བྱེད་ཀྱི་ཡོད། གོ་ལ་ཧྲིལ་པོའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད། ངས་ཁྱབ་བསྒྲགས་བྱེད་རྒྱུ་སྟེ།
     —— ཀྲུང་གོས་ལོ་གཉིས་ཀྱི་དུས་ཚོད་ནང་ཨ་སྒོར་དུང་ཕྱུར་20ཡི་རྒྱལ་སྤྱིའི་རོགས་སྐྱོར་བྱས་ཏེ་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་རྒྱལ་ཁབ་དང་། ལྷག་དོན་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རིམས་འགོག་འཐབ་རྩོད་བྱེད་པ་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུར་སྤྱོད་རྒྱུ་ཡིན།
     —— ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་ལས་བྱས་ཏེ་ཀྲུང་གོར་གོ་ལ་ཧྲིལ་པོའི་མི་ཆོས་རིང་ལུགས་ཀྱི་འཕྲལ་སྡོམ་མཛོད་ཁང་དང་ལྟེ་གནས་བཙུགས་ནས་རིམས་འགོག་དངོས་ཟོག་མཁོ་སྤྲོད་འཁོར་འབྲེལ་འགན་ལེན་ཧུར་ཐག་བྱེད་རྒྱུ་དང་འབྲེལ། དབོར་འདྲེན་དང་སྒོ་ཁྲལ་རྩ་ཆག་གི་ཤར་བགྲོད་ལམ་བུ་གཏོད་རྒྱུ་ཡིན།
     —— ཀྲུང་གོས་ཀྲུང་ཧྥེའི་ཁ་གཏད་སྨན་ཁང་30ཡི་མཉམ་ལས་ལམ་སྲོལ་འཛུགས་པ་དང་། ཨ་ཧྥེ་རི་ཁའི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་སྤྱི་ཁྱབ་པུའུ་སྐྲུན་མགྱོགས་སུ་བཏང་ནས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཨ་ཧྥེ་རི་ཁའི་ནུས་པ་ཆེ་རུ་གཏོང་རོགས་བྱེད་རྒྱུ་ཡིན།
     —— ཀྲུང་གོའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ཐུབ་པ་དང་འབྲེལ་སྤྱོད་འགོ་ཚུགས་རྗེས། གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ལ་བརྩིས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་སྤྱོད་ཐུབ་ཆེད་ཀྲུང་གོའི་ལེགས་སྐྱེས་འབུལ་རྒྱུ་ཡིན།
     —— ཀྲུང་གོས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་དང་མཉམ་དུ“རྒྱལ་ཁབ་དབུལ་ཤོས་ཀྱི་བུ་ལོན་འཇལ་རྒྱུ་གནས་སྐབས་ནར་འགྱངས་ཀྱི་གྲོས་འགོ”དོན་འཁྱོལ་བྱེད་རྒྱུ་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རིམས་ནད་ཧ་ཅང་ཚབས་ཆེ་བ་དང་གནོན་ཤུགས་ཧ་ཅང་ཆེ་བའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁོང་ཚོའི་མིག་སྔའི་དཀའ་ངལ་ཁྱད་བསད་བྱེད་རོགས་བྱེད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
     མཇུག་ཏུ་ཞི་ཅིན་ཕིང་གིས། ང་ཚོས་ལག་གདང་སྦྲེལ་ནས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་ཐུན་མོང་ཐོག་སྲུང་སྐྱོང་དང་། མིའི་རིགས་ཐུན་མོང་ལ་དབང་བའི་སའི་གོ་ལའི་ཁྱིམ་གཞིས་ཐུན་མོང་ཐོག་སྲུང་སྐྱོང་། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་པ་བཅས་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དང་དེ་བཞིན་རྒྱལ་ཁབ་གཞན་དག་གི་འགོ་ཁྲིད་མི་སྣ་ཚང་མས་ཤིས་ཚིག་སྒྲོན་སྐབས། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ནུས་པར་རྒྱབ་སྐྱོར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པར་མཐུན་སྦྱོར་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བཅས་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད། 

  
style="display:none;"