འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་19ཉིན།

༄༅།།ས་མཐོའི་གནའ་གྲོང་གི་མཚན་ལྗོངས་ལྷག་པར་མཛེས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་19ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་ཤར་ཁུལ་གྱི་གློག་འོད་རབ་ཏུ་འཚེར་བའི་ཤིན་ཆན་མཚན་ཁྲོམ་ཡིན་པ།
འདི་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་ཤར་ཁུལ་གྱི་གློག་འོད་རབ་ཏུ་འཚེར་བའི་ཤིན་ཆན་མཚན་ཁྲོམ་ཡིན་པ།
    མཚན་མོའི་ཆུ་ཚོད་བརྒྱད་པར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ཧའེ་ཧུའུ་ཁུལ་གསར་ཚོང་ཁུལ་གྱི་སི་ཁྲོན་གྱི་བྲོ་བ་ལྡན་པའི་རྒྱ་ཁོག་ཟ་ཁང་ཞིག་གི་སྒོ་འགྲམ་དུ་བང་རིང་པོ་སྒྲིག་འདུག རྒྱ་ཁོག་ཟ་ཁང་གི་འགན་འཁུར་བ་ཟླ་ཧའེ་ཁུའེ་ཡིས་གསར་འགོད་པར“ཟླ་འདིར་ཚོང་ར་ནས་སྒོར་100ཡི་ཁ་ལག་བཟས་ཚེ་སྒོར་50གཅོག་པའི་གོང་ཁེའི་སྤ་སེ་སྤྲད་པ་མ་ཟད། ང་ཚོའི་ཟ་ཁང་གིས་ཀྱང་གོང་གཅོག་པའི་བྱེད་སྒོ་སྤེལ་གྱི་ཡོད་པས་ཁ་ལག་ཟ་མཁན་མང་པོའི་ཡིད་དབང་བཀུག་སྟེ་ཆུ་ཚོད་དགུ་པ་ཡོལ་ཙམ་བར་ཨང་ཀི་བཀག་ནས་སྡོད་ས་སྒུག་མཁན་འདུག ལྔ་གཅིག་གི་ངལ་གསོའི་དུས་སུ་ཁ་ལག་ཟ་མཁན་ན་ནིང་གི་དུས་མཚུངས་ལས་15%ཙམ་མང་དུ་ཕྱིན་འདུག”ཅེས་བཤད།
    ཟི་ལིང་ཧའེ་ཧུའུ་ཁུལ་གསར་ཚོང་ཁུལ་དུ་ཉོ་སྒྲུབ་ལྟེ་གནས་ཆེ་གྲས་མང་པོ་ཡོད་པའི་ནང་ཟ་འཐུང་དང་། རོལ་རྩེད། ལུས་སྦྱོང་སོགས་མང་པོ་གཅིག་ཏུ་བསྡུས་ཡོད་པས་གྲོང་མི་དང་ཡུལ་སྐོར་བ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པ་ལས་སྐབས་ཤིག་རིང་སྒོ་རྒྱག་དགོས་བྱུང་བའི་ཚོང་ཡག་པའི་ཁུལ་དེ་ད་ཆ་སླར་ཡང་འཁྲུག་ཆ་དོད་པོར་གྱུར་ཡོད་པ་རེད། 
    གལ་ཏེ་ས་མཐོའི་ཞིམ་ཟས་ཀྱིས་ཟི་ལིང་མང་ཚོགས་ཀྱི་མཚན་མོའི་འཚོ་བའི་ཕྱེད་ཀ་ཙམ་བཟུང་གི་ཡོད་ཅེས་བརྗོད་ཚེ། ལུག་ཤ་ནི་དེའི་ནང་གི་གཙོ་བོ་ཡིན་ཞེས་བརྗོད་ཆོག མཚན་མོ་གྲོགས་པོ་ཚོ་དང་མཉམ་དུ་ཨ་རག་ཏོག་ཙམ་འཐུང་གིན་ལུག་ཤ་ཟ་བ་དེ་ལས་སྐྱིད་པ་ཞིག་གཏན་ནས་མེད་ཅེས་ཞིམ་ཟས་ཀྱི་སྐོར་གླེང་སྐབས་ཟི་ལིང་གི་གྲོང་མི་ལིའུ་ཧུང་ཐའོ་ཡིས་དགའ་ཚོར་ཆེན་པོས་དེ་ལྟར་བརྗོད།
    དེ་ཡང་གནའ་གྲོང་གི་མཚན་ཁྲོམ་དུ་ཞིམ་ཟས་ཁོ་ན་ཙམ་མ་ཡིན་པར། ཕྱོགས་གཅིག་ནས་ཧོར་རིགས་ཀྱི་འཚེམ་དྲུབ་དང་། ཐང་ག བོད་རུམ་སོགས་དམངས་ཁྲོད་ཀྱི་སྒྱུ་རྩལ་དངོས་པོས་ཡིད་དབང་འགུག་གི་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཨར་ཁང་དང་། ཇ་ཁང་། དར་བཟོ་ཆེ་བའི་གྱོན་ཆས་ཚོང་ཁང་བཅས་སུ་ཡུལ་སྐོར་བ་དང་གྲོང་མི་རྒྱུན་ཆད་རྒྱུ་མེད་པར་ས་མཐོའི་དམངས་སྲོལ་དང་དེང་རབས་ཀྱི་འཚོ་བ་ཟུང་དུ་འབྲེལ་བའི་དར་སྲོལ་གྱི་རྣམ་པ་མྱོང་རོལ་བྱེད་བཞིན་ཡོད།
    ཧའེ་ཧུའུ་ཁུལ་གསར་ཚོང་ཁུལ་དང་བར་ཐག་སྤྱི་ལེ་བརྒྱད་ཡོད་པའི་ཤིན་ཆན་མཚན་ཁྲོམ་དུའང་རིམས་ནད་མ་ཐོན་གོང་ལྟར་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད། ཚོང་ཙག་ཙིག་གི་ཁྲོམ་བཀྱག་ལྟ་བས་མི་ངོམ་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སིལ་ཟས་ཀྱིས་ཀྱང་མི་རྣམས་ཀྱི་ཡིད་དབང་འགུག་གི་ཡོད། འོ་ཇ་དང་ཤ་རིགས་ཀྱི་དྲི་ཞིམ་གང་སར་འཐུལ་བ་མ་ཟད། ཚོང་རྒྱག་པ་དང་གོང་ཚད་འགྲིག་པའི་སྐད་སྒྲ་གང་ས་ནས་གྲགས་ཏེ་ཐུན་མོང་ཐོག“མཚན་མོའི་ཟི་ལིང”གི་འཁྲུག་ཆ་དོད་པའི་རྣམ་པ་གྲུབ་པར་བྱས།
    “མཚན་ཁྲོམ་གྱི་བཀོད་པ་ཧྲིལ་པོར་ལྟ་སྐོར་མཚན་ཁྲོམ་དང་། ཞིམ་ཟས་གྲོང་། དར་གོས་ལམ་བུའི་ཉམས་འགྱུར་ལྡན་པའི་ཁྲོམ་གཞུང་སོགས་མཚན་མོའི་འཛད་སྤྱོད་ཐོན་རྫས་ཧ་ཅང་མང་པོ་ཡོད་པ་དང་ཁྲོམ་བཀྱག་སྣ་ཚོགས་དང་རིམ་པ་མི་འདྲ་བའི་ཚོང་ཁུལ་ལྔ་བརྒྱ་ལྷག་ཙམ་ཡོད་པས། ད་ཆ་ཉིན་ལྟར་འགྲུལ་པ་དྲུག་སྟོང་ཡན་ཟིན་གྱི་ཡོད”ཅེས་མཚོ་སྔོན་ཉི་ལུའོ་བཟའ་བཏུང་ཚད་ཡོད་ཀུང་སིའི་འགན་འཁུར་བ་མཱ་ཞའོ་ཡུང་གིས་བཤད།
     མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས། མཚོ་སྔོན་ཞིང་ཆེན་གྱིས་མཚན་ཁྲོམ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཤུགས་དང་གུང་གསེང་གི་འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པས། ཟི་ལིང་སོགས་འཛད་སྤྱོད་གྲོང་ཁྱེར་གཙོ་བོ་དང་གྲོང་ཁྱེར་དང་ཀྲོའུ་ཁག་གི་ཚོང་ཁུལ་དང་། རྐང་ཐང་ཁྲོམ་གཞུང་། གྲོང་ཁྱེར་གྱི་མཚོན་རྟགས་ཁུལ་སོགས་ས་ཁོངས་གཙོ་བོ་ཁག་ཏུ་མཚན་མོའི་གཉེར་སྐྱོང་ཆེད་ཁུལ་དང་ཉིན་མཚན་མེད་པར་སྒོ་ཕྱེ་བའི་སྟབས་བདེའི་ཚོང་ཁང་སོགས་ཁྱད་ལྡན་གཉེར་སྐྱོང་ཁུལ་བཙུགས་ཏེ་རིག་རྩལ་འཁྲབ་སྟོན་དང་། རོལ་དབྱངས་རོལ་རྩེད་ཁང་། ངོམ་སྟོན་བྱ་ཡུལ་སོགས་མཚན་མོའི་རིག་གནས་རོལ་རྩེད་ཀྱི་འཛད་སྤྱོད་རྣམ་གྲངས་གཉེར་བ་དང་ལས་རྣམ་བཏོད་ཡོད་ཅེས་བཤད།