འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་19ཉིན།

༄༅།།ཧོ་ལན་དང་། པེར་ཀྲེམ། ལུ་ཙེམ་པོག་བཅས་རྒྱལ་ཁབ་གསུམ་གྱི་རིམས་ནད་གནས་ཚུལ་མུ་མཐུད་
ལེགས་སུ་ཕྱིན་པས། ལུ་ཙེམ་པོག་དང་འཇར་མན་གྱི་མཐའ་མཚམས་སླར་ཡང་སྒོ་ཕྱེ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་19ཉིན། 09:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་རུ་སེར་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། ལུ་ཙེམ་པོག་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་མཛད་སྒོ་གཉེར་ནས་ཏོག་གསར་རིམས་ནད་ཀྱིས་རྐྱེན་པས་ཟླ་གཉིས་སྒོ་བརྒྱབ་པའི་ལུ་ཙེམ་པོག་དང་འཇར་མན་གྱི་མཐའ་མཚམས་བསྐྱར་དུ་སྒོ་ཕྱེ་བ་རེད།
     ཚེས་16ཉིན། ཧོ་ལན་གྱི་རྒྱལ་ཁབ་སྤྱི་པའི་འཕྲོད་བསྟེན་དང་ཁོར་ཡུག་ཞིབ་འཇུག་ཁང་གིས་ཡོངས་བསྒྲགས་བྱས་པའི་སྤྱི་བསྒྲགས་ནང་། འདས་ཟིན་པའི་ཆུ་ཚོད་24ཡི་རིང་ཧོ་ལན་དུ་གཏན་འཁེལ་བྱུང་བའི་ནད་དཔེ་189གསར་འཕར་བྱུང་ནས་རིམ་རྩིས་ལྟར་ན་གཏན་འཁེལ་བྱུང་བའི་ནད་དཔེ་43870ཟིན་པ་དང་། གྲོངས་པའི་ནད་དཔེ་27གསར་འཕར་བྱུང་ནས་རིམ་རྩིས་ལྟར་ན་གྲོངས་པའི་ནད་དཔེ་5670ཟིན་ཡོད། གསར་འཕར་བྱུང་བའི་གཏན་འཁེལ་ནད་དཔེ་དང་གྲོངས་པའི་ནད་དཔེ་དེ་གོང་གི་ཉིན་ལས་ཅུང་ཆག་ཡོད། གྲངས་གཞི་དེ་དག་གི་ཐོག་ནས་འབྲེལ་ཡོད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ལ་ནུས་པ་ཐོན་པ་མཚོན་ཡོད་ཅེས་འཁོད་ཡོད་པ་རེད།
    ཚེས་15ཉིན། ཧོ་ལན་གྱི་སྨྱན་སྦྱོར་གྱིས་གསར་འགྱུར་སྤེལ་བའི་ནང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་འབྲེལ་ཡོད་གྲོས་འགོ་གཞིར་བཟུང་། ཧོ་ལན་གྱིས་མཐའ་མཚམས་སྒོ་རྒྱག་པའི་དུས་ཚོད་ཟླ་6ཚེས་15ཉིན་བར་རིང་དུ་གཏོང་རྒྱུ་རེད། དེའི་རིང་དགོས་ངེས་ཀྱི་ཡུལ་སྐོར་དང་། ཡོ་རོབ་མནའ་འབྲེལ་དང་ཧྲེན་ཀེན་ཆོད་ཡིག་འཇོག་མཁན་ཁོངས་མིའི་རྒྱལ་ཁབ་དང་དེ་བཞིན་དབྱིན་ཇིའི་སྤྱི་དམངས་ཕུད། ཧོ་ལན་གྱིས་སྔར་བཞིན་ཕྱི་རྒྱལ་གྱི་མི་ཧོ་ལན་དུ་འཛུལ་བཅུག་གི་མིན་པ་རེད།
    ཚེས་16ཉིན། པེར་ཀྲེམ་གྱི་རྒྱལ་ཁབ་སྤྱི་པའི་འཕྲོད་བསྟེན་ཞིབ་འཇུག་ཁང་གིས་ཡོངས་བསྒྲགས་བྱས་པའི་སྤྱི་བསྒྲགས་ནང་། འདས་ཟིན་པའི་ཆུ་ཚོད་24ཡི་རིང་པེར་ཀྲེམ་དུ་གཏན་འཁེལ་བྱུང་བའི་ནད་དཔེ་345གསར་འཕར་བྱུང་ནས་རིམ་རྩིས་ལྟར་ན་གཏན་འཁེལ་བྱུང་བའི་ནད་དཔེ་54989ཟིན་པ་དང་། གྲོངས་པའི་ནད་དཔེ་46གསར་འཕར་བྱུང་ནས་རིམ་རྩིས་ལྟར་ན་གྲོངས་པའི་ནད་དཔེ་9005ཟིན་པ། སྨན་ཁང་དུ་སྡོད་པའི་ནད་པའི་མི་གྲངས་65གསར་འཕར་བྱུང་བ་དང་། མིག་སྔར་སྨན་ཁང་དུ་སྡོད་བཞིན་པའི་ནད་པ་1750ཟིན་པའི་ནང་ནད་པ་364ལ་ནད་ལྕིའི་ལྟ་སྐྱོང་བྱེད་བཞིན་ཡོད། གསར་འཕར་བྱུང་བའི་གཏན་འཁེལ་ནད་དཔེའི་མི་གྲངས་དང་། གསར་འཕར་བྱུང་བའི་གྲོངས་པའི་ནད་དཔེའི་མི་གྲངས། སྨན་ཁང་དུ་སྡོད་པའི་མི་གྲངས་བསྡོམས་འབོར། སྨན་ཁང་དུ་སྡོད་མཁན་ནད་ལྕིའི་ནད་དཔེའི་མི་གྲངས་བཅས་དེ་གོང་གི་ཉིན་ལས་ཚང་མ་ཚད་གཞི་མི་འདྲ་བའི་སྒོ་ནས་ཆག་ཡོད་ཅེས་འཁོད་ཡོད་པ་རེད།
    ཚེས་16ཉིན། ལུ་ཙེམ་པོག་སྲིད་གཞུང་གིས་ཡོངས་བསྒྲགས་བྱས་པའི་སྙན་ཞུའི་ནང་། འདས་ཟིན་པའི་ཆུ་ཚོད་24ཡི་རིང་ལུ་ཙེམ་པོག་ཏུ་གཏན་འཁེལ་བྱུང་བའི་ནད་དཔེ་7གསར་འཕར་བྱུང་ནས་རིམ་རྩིས་ལྟར་ན་གཏན་འཁེལ་བྱུང་བའི་ནད་དཔེ་3930ཟིན་པ་དང་། གྲོངས་པའི་ནད་དཔེ་འཕར་མེད་པ་དང་རིམ་རྩིས་ལྟར་ན་གྲོངས་པའི་ནད་དཔེ་སྔར་བཞིན་104རེད་ཅེས་འཁོད་ཡོད་པ་རེད།
    ཚེས་16ཉིན། ལུ་ཙེམ་པོག་གི་ཕྱི་འབྲེལ་དང་ཡོ་རོབ་ལས་དོན་གྱི་བློན་ཆེན་ཨ་སེར་པོ་ཨེན་གྱིས་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་མ་སི་དང་མཉམ་དུ་ལུ་ཙེམ་པོག་གི་ཧྲེན་ཀེན་གྲོང་རྡལ་དང་འཇར་མན་གྱི་ཕེར་གྲོང་རྡལ་དབར་གྱི་མོ་ཙིར་ཆུ་བོའི་ཟམ་ཆེན་ཐོག་རྒྱལ་ཁབ་གཉིས་པོའི་མཐའ་མཚམས་བསྐྱར་དུ་སྒོ་ཕྱེ་བའི་མཛད་སྒོར་ཞུགས་པ་རེད། ཨ་སེར་པོ་ཨེན་གྱིས་ལུ་ཙེམ་པོག་ལ་ཉིན་ལྟར་རྒྱལ་མཚམས་སྒྲོལ་ནས་ལས་དོན་སྒྲུབ་མཁན་ཁྲི་20ཙམ་ཡོད་པའི་ནང་མི་ཁྲི་5ཙམ་འཇར་མན་ནས་ཡིན་པ་མ་ཟད། དེའི་ནང་གི་མང་ཆེ་བ་ནི་སྨན་དོན་མི་སྣ་ཡིན་པས། མཐའ་མཚམས་བསྐྱར་དུ་སྒོ་ཕྱེ་བར་དོན་སྙིང་ཆེན་པོ་ལྡན་ཡོད་ཅེས་བརྗོད་པ་རེད།