འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་19ཉིན།

༄༅།།ལི་ཐུ་ཝན་ནི་ཡའི“རྒྱ་ཡིག་སྦྲེལ་ཟམ”གྱི་རྒྱ་ཡིག་གི“སྤྲིན་ཚོམ་འགྲན་བསྡུར”གཉེར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་19ཉིན། 09:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝིར་ནིའུ་སི་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་ལི་ཐུ་ཝན་ནི་ཡས“རྒྱ་ཡིག་སྦྲེལ་ཟམ”གྱི་རྒྱ་ཡིག་འགྲན་བསྡུར་དེ་བརྙན་ལམ་ཚོགས་འདུའི་མཉེན་ཆས་Zoomལ་བརྟེན་ནས“སྤྲིན་ཚོམ་འགྲན་བསྡུར”གཉེར་ཞིང་། དེའི་ནང་ལི་ཐུ་ཝན་ནི་ཡའི་ས་ཁུལ་མི་འདྲ་བ་ནས་ཡོང་བའི་སློབ་འབྲིང་5དང་སློབ་ཆེན་གཅིག་གི་སློབ་མ་10འགྲན་བསྡུར་ནང་ཞུགས་ཡོད།
     ད་རེས་ཀྱི་འགྲན་བསྡུར་དེ་ནི་ལི་ཐུ་ཝན་ནི་ཡ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཙོ་གཉེར་བྱས་པ་དང་ཝིར་ནིའུ་སི་སློབ་ཆེན་ཁུང་ཙི་སློབ་གླིང་གིས་གཉེར་འགན་ཁུར་ཡོད། ཝིར་ནིའུ་སི་སློབ་ཆེན་ཁུང་ཙི་སློབ་གླིང་གི་ལི་ཐུ་ཝན་ནི་ཡ་ཕྱོགས་ཀྱི་ལས་ཚབ་ཡོན་ཀྲང་པའེ་ལི་སིས་ཤིས་ཚིག་སྒྲོན་སྐབས་འདི་ལོའི་འགྲན་བསྡུར་དེ་ལོ་གོང་མ་དང་ཅུང་མི་འདྲ་བ་ཡོད་པ་ནི། “ལི་ཐུ་ཝན་ནི་ཡའི་ས་ཁུལ་ཁག་དང་རང་རང་གི་ཁྱིམ་དུ་བསྡད”ནས་འགྲན་ཞུགས་བྱེད་པ་དེ་ཡིན་ཞེས་དང་། ཁོང་གིས་འགྲན་ཞུགས་བདམས་ཐོན་པར་དངངས་སྐྲག་བྱེད་དགོས་དོན་མེད། “གང་ཡིན་ཟེར་ན། ཁུང་ཙི་སློབ་གླིང་དུ་ང་ཚོ་ནི་གྲོགས་པོ་ཡིན་ལ་ཁྱིམ་ཚང་གཅིག་ལྟར་ཡིན”ཞེས་བརྗོད་པ་རེད།
     ཝིར་ནིའུ་སི་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ཀྲོའུ་ཅེ་ཡིས་ཤིས་ཚིག་སྒྲོན་སྐབས་བདམས་ཐོན་པ་ཚོས་ད་རེས་ཀྱི་རྒྱུན་གཏན་ལྟར་མིན་པའི“སྤྲིན་ཚོམ་འགྲན་བསྡུར”བརྒྱུད་ནས་ལོ་རྒྱུས་ཡུན་རིང་ལྡན་ལ་དེང་རབས་ཀྱི་ཤར་ཕྱོགས་སྐད་ཡིག་སློབ་སྦྱོང་བྱེད་པའི་བརྩོན་སེམས་དང་དགའ་ཞེན་གང་ལེགས་མངོན་པར་བྱེད་དགོས་པའི་རེ་བ་བཏོན་པ་རེད།