འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་18ཉིན།

༄༅།།བྷེ་ཨུ་རུ་སུས་བྷེ་ཀྲུང་གི“རྒྱུད་གཅིག་ལམ་གཅིག”མཉམ་ལས་ཀྱི་མདུན་ལམ་ཡག་པོ་ཡོད་པའི་ངོས་
འཛིན་བྱེད་པ།

—— ཀྲུང་བྷེ་བཟོ་ལས་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡ་ལུའོ་ཧྲེན་ཁོ་ལ་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་18ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝེ་ཀྲུང་ཅེ་དང་། ལི་ཅ་ཡིས།
    “ཀྲུང་གོ་དང་བྷེ་ཨུ་རུ་སུའི་ཐུན་མོང་གི་འབད་བརྩོན་འོག་རྒྱལ་ཁབ་གཉིས་པོའི་དབར་གྱི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རྣམ་གྲངས་ཆེ་ཤོས་ཀྲུང་བྷེ་བཟོ་ལས་གླིང་གསར་སྤེལ་འཛུགས་སྐྲུན་མགྱོགས་པོ་བྱུང་བ་དེ་ཐོག་ནས་ཀྲུང་བྷེ་བཟོ་ལས་གླིང་ཚུད་པའི་བྷེ་ཀྲུང‘རྒྱུད་གཅིག་ལམ་གཅིག’མཉམ་ལས་ཀྱི་མདུན་ལམ་ཡག་པོ་ཡོད་པ་མཐོང་བྱུང”ཞེས་བྷེ་ཨུ་རུ་སུའི་ཀྲུང་བྷེ་བཟོ་ལས་གླིང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཡ་ལུའོ་ཧྲེན་ཁོ་ཡིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་པ་རེད།
    ཀྲུང་བྷེ་བཟོ་ལས་གླིང་དེ་བྷེ་ཨུ་རུ་སུའི་རྒྱལ་ས་མེན་སི་ཁེའི་ཤར་འདབས་སུ་གནས་པ་དང་དེ་ནི་བྷེ་ཨུ་རུ་སུའི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཆེ་ཤོས་ཤིག་ཡིན་ལ། ཀྲུང་བྷེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་རྣམ་གྲངས་གལ་ཆེན་ཞིག་ཀྱང་རེད། ཀྲུང་བྷེ་བཟོ་ལས་གླིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྷེ་ཨུ་རུ་སུ་ཕྱོགས་ཀྱིས་ས་ཆའི་ཐོན་ཁུངས་དང་ཁྲལ་བསྡུའི་གཟིགས་སྐྱོང་སོགས་ཀྱི་སྲིད་ཇུས་དང་བཅའ་ཁྲིམས་ཀྱི་འགན་ལེན་བྱས་པ་དང་དུས་མཚུངས་ཀྲུང་གོ་ཕྱོགས་ཀྱིས་ཀྱང་མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་སོགས་བྱས་ཡོད།
     ཡ་ལུའོ་ཧྲེན་ཁོ་ཡིས་ཉེ་བའི་ལོ་ལྔའི་རིང་གསར་སྤེལ་འཛུགས་སྐྲུན་བརྒྱུད་མིག་སྔར་བཟོ་ལས་གླིང་གིས་ཁེ་ལས་60ཡི་ཡིད་དབང་བཀུག་པར་མཉམ་ལས་ཀྱི་མ་འཇོག་སྒོར་ཨ་སྒོར་དུང་ཕྱུར་12ཙམ་ཟིན་ཡོད། “ཀྲུང་གོ་འཕྲུལ་ཆས་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི་དང་ཚོང་འགུགས་ཅུས་ཚོགས་པ་འདི་ཉིད་ཀྲུང་བྷེ་བཟོ་ལས་གླིང་གསར་སྤེལ་ཀུང་སིའི་རྐང་བདག་ཆེ་ཤོས་གཉིས་ཡིན་པའི་ངོས་ནས་གླིང་ཁུལ་གྱི་གསར་སྤེལ་འཛུགས་སྐྲུན་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད”ཅེས་བརྗོད་པ་རེད།
     ཁོང་གིས“མིག་སྔར་ཀྲུང་བྷེ་བཟོ་ལས་གླིང་གིས་ཀྲུང་གོ་ཕྱོགས་ཀྱི་རོགས་སྐྱོར་མ་དངུལ་ལ་བརྟེན་ནས་གློག་སྒྱུར་ས་ཚིགས་བསྐྲུན་པ་དང་གླིང་ཁུལ་ནང་གི་ཆུ་འགྲོ་སྒྱུར་བཀོད་བྱས་པ་དང་ཆབས་ཅིག་ཐོག་བརྩེགས་ཁང་ཆེན་གྱི་སྡོད་ཁང་ཐོག་མ་དེའང་བསྐྲུན་ཟིན་པ་མ་ཟད། ཉེ་དུས་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་ཐོག་བརྩེགས་ཁང་ཆེན་འཛུགས་སྐྲུན་ཡང་ལེགས་གྲུབ་ཟིན་རྒྱུ་རེད། གཞན་ཡང་བཟོ་ལས་གླིང་གིས་ད་དུང་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་འཛིན་ནས‘གཅིག་འཐུས་རྣམ་པའི’ཞབས་ཞུའི་ལྟེ་གནས་བསྐྲུན་པ་དང་ལོ་གཅིག་དང་ལོ་ཕྱེད་རིང་ཕྱི་ཕྱོགས་ལ་ཞབས་འདེགས་སྣ་ཚོགས་ཐེངས་5000ལྷག་ཙམ་ཞུས་ཡོད”ཅེས་བརྗོད་པ་རེད།
    ཡ་ལུའོ་ཧྲེན་ཁོ་ཡིས་ཏོག་གསར་གློ་ཚད་ལས་འདི་ལོ་ཀྲུང་བྷེ་བཟོ་ལས་གླིང་གི་ཚོང་འགུགས་མ་འདྲེན་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་ཀྱང་ཀྲུང་གོ་ཕྱོགས་ཀྱིས་གླིང་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆུང་དུ་མི་གཏོང་བར་ལོ་སྟོད་ནས་བཟུང་ཀྲུང་གོའི་ཁེ་ལས་གཉིས་གསར་དུ་ཐོ་བཀོད་བྱས་ཏེ་གླིང་ཁུལ་གྱི་ཁེ་ལས་སུ་གྱུར་ཡོད་ཅེས་བརྗོད་པ་རེད།
     ཁོང་གིས་འཆར་གཞི་ལྟར་ན་འདི་ལོ་ཀྲུང་བྷེ་བཟོ་ལས་གླིང་དུ་ཐོན་སྐྱེད་རྣམ་གྲངས་གལ་ཆེན་མང་པོ་ཞིག་བསྐྲུན་རྒྱུ་དང་ཀྲུང་གོའི་ཧྥ་ཧྲི་ཐེ་ཚོགས་པ་དང་བྷེ་ཨུ་རུ་སུའི་མཱ་ཙི་ཚོགས་པ་མཉམ་ལས་བྱས་ཏེ་རླངས་འཁོར་གྱི་མགྱོགས་ཚད་མྱུར་ཚད་སྒྱུར་ཆས་ཀྱི་རྣམ་གྲངས་དང་དེ་བཞིན་ཀྲུང་གོ་མཉམ་འབྲེལ་ལྕི་བའི་བཟོ་ལས་ཚན་རྩལ་གྱིས་མ་འཇོག་བྱས་པའི་རླངས་འཁོར་ལྗིད་འདེགས་འཕྲུལ་འཁོར་གྱི་རྣམ་གྲངས་འདི་ལོ་ལེགས་གྲུབ་ཟིན་རྒྱུ་དང་ཕྱོགས་མཚུངས་ཧྭ་ཝེ་ཀུང་སིའི་རྒྱབ་སྐྱོར་འོག་འདི་ལོ་གླིང་ཁུལ་དུ་བྷེ་ཨུ་རུ་སུའི་5Gབཀོལ་སྤྱོད་ཚོད་ལྟའི་ལས་སྟེགས་ཐོག་མ་དེའང་གཏོད་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།