མི་དམངས་དྲ་བ།

༄༅༎《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་17ཉིན། 12:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་16ཉིན། དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཅུ་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《རྒྱལ་ཡོངས་མི་དམངས་འཐུས་མི་ཚོཌ་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གི་གསུང་བཤད》བཀོད་ཡོད་པ་རེད།
     གསུང་རྩོམ་ནང་ནན་བཤད་བྱས་དོན། མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་དང་མི་དམངས་ནི་དཔའ་བོ་ངོ་མ་ཡིན། ཟིལ་རླབས་དགུང་འཕྱུར་གྱི་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ནི་ཀྲུང་གོ་མི་དམངས་ཀྱིས་བརྩམས་པ་ཞིག་དང་། མཁྱེན་དཔྱོད་ཟབ་ཅིང་ཡངས་པའི་ཀྲུང་ཧྭའི་ཤེས་རིག་ནི་ཀྲུང་གོ་མི་དམངས་ཀྱིས་གསར་གཏོད་བྱས་པ་ཞིག ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ནི་ཀྲུང་གོ་མི་དམངས་ཀྱིས་སྐྱེད་སྲིང་བྱས་པ་ཞིག་བཅས་རེད། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་འབྱོར་ལྡན་པར་གྱུར་པའི་རླབས་ཆེན་གྱི་མཆོང་སྐྱོད་ནི་ཀྲུང་གོ་མི་དམངས་ཀྱིས་འབད་འཐབ་བྱས་ནས་བྱུང་བ་ཞིག་རེད།
     གསུང་རྩོམ་ནང་བསྟན་དོན། ཀྲུང་གོ་མི་དམངས་ཀྱིས་དུས་ཡུན་རིང་པོའི་འབད་འཐབ་ཁྲོད་སྐྱེད་སྲིང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་བྱས་ནས་བྱུང་བའི་རླབས་ཆེན་གྱི་མི་རིགས་སྙིང་སྟོབས་ཀྱིས་ཀྲུང་གོའི་འཕེལ་རྒྱས་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་བསམ་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད། ཀྲུང་གོ་མི་དམངས་ནི་རླབས་ཆེན་གྱི་གསར་གཏོད་སྙིང་སྟོབས་ལྡན་པའི་མི་དམངས་ཤིག་དང་། རླབས་ཆེན་གྱི་འབད་འཐབ་སྙིང་སྟོབས་ལྡན་པའི་མི་དམངས་ཤིག རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས་ལྡན་པའི་མི་དམངས་ཤིག རླབས་ཆེན་གྱི་ཕུགས་བསམ་སྙིང་སྟོབས་ལྡན་པའི་མི་དམངས་ཤིག་བཅས་ཡིན། རླབས་ཆེན་གྱི་མི་དམངས་འདི་འདྲ་ཞིག་དང་། རླབས་ཆེན་གྱི་མི་རིགས་འདི་འདྲ་ཞིག རླབས་ཆེན་གྱི་མི་རིགས་སྙིང་སྟོབས་འདི་འདྲ་ཞིག་ལྡན་པ་བཅས་ནི་ང་ཚོའི་སྤོབས་པ་ཞིག་དང་། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་སྲ་བརྟན་དུ་གཏོང་བའི་གཏིང་ཤུགས་ཡིན་ལ། ང་ཚོས་ཆར་རླུང་འཚུབ་ཀྱང་མཚམས་མི་འཇོག་པར་སྐད་གསང་མཐོན་པོས་གླུ་དབྱངས་ལེན་ནས་མདུན་དུ་སྐྱོད་པའི་རྩ་བའི་སྟོབས་ཤུགས་ཤིག་ཀྱང་ཡིན།
     གསུང་རྩོམ་ནང་བསྟན་དོན། རང་རྒྱལ་ནི་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པ་དང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞིར་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་གི་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་མཐའ་འཁྱོངས་དང་། མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས། ཁེངས་སྐྱུང་གི་སྒོ་ནས་མི་དམངས་ལ་སློབ་སྦྱོང་། མི་དམངས་ཀྱི་འབོད་སྒྲ་ཉན་པ། མི་དམངས་ཀྱི་བློ་གྲོས་བསྡུ་ལེན་བཅས་བྱས་ཏེ། མི་དམངས་ཀྱིས་བརྩི་བཀུར་བྱེད་མིན་དང་། མོས་མཐུན་བྱེད་མིན། དགའ་པོ་བྱེད་མིན། ཁས་ལེན་བྱེད་མིན་བཅས་ལས་དོན་མཐའ་དག་གི་ཐོབ་ཤོར་ལ་ཚད་འཇལ་བྱེད་པའི་རྩ་བའི་ཚད་གཞིར་བཟུང་སྟེ། མི་དམངས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་། ཐད་ཀར་འབྲེལ་བ་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་བདེ་སྐྱིད་དང་གཟི་བརྗིད་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས།
     གསུང་རྩོམ་ནང་བསྟན་དོན། མི་དམངས་ལ་ཡིད་ཆེས་ལྡན་ཚེ། རྒྱལ་ཁབ་ལ་གཞི་ནས་འབྱུང་འགྱུར་ལྡན་པ་མ་ཟད། རྒྱལ་ཁབ་ལའང་གཞི་ནས་སྟོབས་ཤུགས་ལྡན་ཐུབ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་ཀྲུང་གོ་མི་དམངས་ཀྱིས་དེ་བས་རང་ཡིད་རང་ཆེས་དང་། རང་བཀུར། རང་འབད་བཅས་བྱེད་བཞིན་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ལ་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོ་རྒྱས་ནས། ཀྲུང་ཧྭའི་ས་གཞི་ཆེ་མོར་ངོ་མཚར་བྱས་རྗེས་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད་ལ། ང་ཚོས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད།
     གསུང་རྩོམ་ནང་བསྟན་དོན། ང་ཚོ་འཚོ་གནས་བྱེད་བཞིན་པའི་འཛམ་གླིང་ལ་རེ་བས་ཁེངས་པ་མ་ཟད། འགྲན་སློང་གིས་ཀྱང་ཁེངས་ཡོད། ཀྲུང་གོ་མི་དམངས་ལ་སྔར་ནས་བཟུང་དྲང་བདེན་གྱི་བསམ་པ་དང་གདུང་སེམས་མཉམ་སྐྱེའི་བསམ་པ་ལྡན་པ་མ་ཟད། སྔར་ནས་བཟུང་རང་ཉིད་ཀྱི་མདུན་ལམ་དང་ལས་དབང་དེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མདུན་ལམ་དང་ལས་དབང་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཆེད་ཐོག་མཐའ་བར་གསུམ་དུ་ནུས་ཤུགས་ཡོད་རྒུས་ལེགས་སྐྱེས་འབུལ་འདོད་ཡོད།
     གསུང་རྩོམ་ནང་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་ནི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་ཤིག་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་རྩ་བའི་འགན་ལེན་ཞིག་ཀྱང་ཡིན།

  
style="display:none;"